དཀར་མཛེས་ཁུལ་ཟུར་ལུགས་གསོ་རིག་རིག་གནས་འགྲེམ་སྟོན་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-11


        ཉེ་ལམ། དཀར་མཛེས་ཁུལ་ཟུར་ལུགས་གསོ་རིག་རིག་གནས་འགྲེམ་སྟོན་ལྟེ་གནས་དང་། དེང་རབས་ཀྲུང་ལུགས་ཐོན་ཁུངས་ཀྱི་འགུལ་རྣམ་བརྡ་འཕྲིན་ལྟ་ཞིབ་ཚད་ལེན་དང་ལག་རྩལ་ཞབས་ཞུ་ལྟེ་གནས་ཀྱི་དཀར་མཛེས་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧུ་པིའོ་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས། 
        རྒྱུས་ལོན་བྱུང་བ་ལྟར་ན། དཀར་མཛེས་ཁུལ་ཟུར་ལུགས་བོད་སྨན་རིག་གནས་འགྲེམ་སྟོན་ལྟེ་གནས་ཀྱིས་ཟུར་ལུགས་བོད་སྨན་གྱི་རིག་གནས་དང་འཕེལ་འགྱུར་དར་སྤེལ་དང་རྒྱུད་སྒྲོག་བྱེད་པ་གཙོར་བཟུང་ནས་རྒྱ་བོད་དབྱིན་གསུམ་གྱི་ལམ་ནས་བོད་སྨན་རིག་གནས་ཀྱི་དུས་སྐབས་སོ་སོའི་བོད་ལུགས་གསོ་རིག་གི་ལོ་རྒྱུས་དང་བོད་སྨན་གྱི་མ་དཔེ། སྨན་ཐང་ཡོ་བྱད་སོགས་འགྲེམ་སྟོན་བྱས་ཏེ་ཕྱོགས་སོ་སོའི་མགྲོན་པོ་རྣམས་ལ་དཀར་མཛེས་བོད་སྨན་རིག་གནས་ཀྱི་རྒྱུད་འཛིན་རྒྱུས་ལོན་བྱེད་དུ་བཅུག
        དེང་རབས་ཀྲུང་ལུགས་ཐོན་ཁུངས་ཀྱི་འགུལ་རྣམ་བརྡ་འཕྲིན་ལྟ་ཞིབ་ཚད་ལེན་དང་ལག་རྩལ་ཞབས་ཞུ་ལྟེ་གནས་ཀྱི་དཀར་མཛེས་ས་ཚིགས་ནི་ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་གི་རོགས་སྒྲུབ་བྱས་པའི་ལས་གཞི་ཞིག་ཡིན་ལ། ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱིས་བརྡ་འཕྲིན་སྟེགས་བུ་བརྒྱུད་ནས་སྐབས་བསྟུན་གྱི་ཚོང་རའི་སྨན་རྫས་ཀྱི་གནས་ཚུལ་དང་རིན་གོང་གི་འགྱུར་ལྡོག་ལ་རྒྱུས་ལོན་བྱེད་ཐུབ་པར་མ་ཟད། དུས་ཐོག་ཏུ་རྒྱལ་ཡོངས་ཀྱི་རིགས་མི་འདྲ་བའི་ཀྲུང་ལུགས་སྨན་རྫས་ཀྱི་མཁོ་དགོས་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་རྒྱལ་ཡོངས་ཀྱི་སྨན་རྫས་ཚོང་ར་དང་སྨན་རྫས་ཁེ་ལས་དང་མཐུད་སྦྲེལ་བྱས་ནས་སྨན་རྫས་ཐད་ཀྱི་བརྡ་འཕྲིན་དང་ལྟ་ཞིབ། བཟོ་ཚོང་ཞབས་ཞུ་དང་རྩད་ཞིབ་མཁོ་འདོན་བྱ་ཐུབ། དུས་མཚུངས་སུ་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱིས་ཁྱོན་ཡོངས་ནས་དཀར་མཛེས་ཁུལ་གྱི་སྨན་རྫས་ཐོན་ཁུངས་ཀྱི་གྲངས་འབོར་དང་རྒྱུ་སྤུས། རིན་གོང་སོགས་ཀྱི་བརྡ་འཕྲིན་ཁོང་དུ་ཆུབ་པ་བྱས་ནས་སྨན་རྫས་ཁེ་ལས་ལ་རྒྱུ་སྤུས་ལེགས་ཤིང་བདེ་འཇགས་ཡིན་པའི་སྨན་རྫས་རྒྱུ་ཆ་མཁོ་འདོན་བྱ་ཐུབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1