༄༅།།རྨ་ཆུ། རྒྱང་ལ་བཞུར་བའི་ཉི་མའི་མིག་ཆུ། གཏམ་རྒྱུད་ཀྱི་མེ་ལོང་ངོས་སུ།

མདོ་སྨད་ཧེ་རུ་ཀ རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-12



གཏམ་རྒྱུད་ཀྱི་མེ་ལོང་ངོས་སུ།

ངག་རྒྱུན་གྱི་རོལ་དབྱངས་སྦུབས་ལས།

རྨ་ཆུ་ནི་ས་ཐོག་ལ་མི་ཆུད་པ་ཞིག་རེད་སྙམ།

བརྙན་འཕྲིན་གྱི་ཚོན་རིས་བར་ནས།

བརྡ་ཁྱབ་ཀྱི་བསྟོད་སྨོན་གསེང་ལས།

རྨ་ཆུ་ནི་གནམ་འོག་ལ་མི་ཤོངས་པ་ཞིག་རེད་འདོད།

རྒྱུ་མཚན་དང་ངོམས་བསྒྲགས།

གཏན་ཚིགས་དང་ཁྲོམ་བསྒྲགས།

དེ་དག་བརྟོལ་ནས་རྨ་ཆུའི་པང་དུ་ལོག་ཡོང་ཚེ།

རྨ་ཆུ་ནི་མཚོ་འཕགས་སྨི་སུམ་སྟོང་གི་མཚམས་སུ་ཆགས་པའི།

འབྲོག་སྐད་རྣལ་མ་འཆད་ནུས་པའི།

མཐོ་སྒང་གི་རྫོང་མཁར་ཆུང་ཆུང་ཞིག་རེད།

སྤང་ཐང་གི་གྲོང་སྡེ་གསར་བ་ཞིག་རེད་ཨང་།

ཕྱུགས་ཀྱི་ཁ་གྲངས་ལས་ཀྱང་ལྡབ་འགྱུར་གྱིས་མང་བ།

རྩྭ་ཐང་གི་པང་ལ་འབྱར་བའི་ཨ་བྲ་རྣམས་ཡིན།

སྐྱེས་ཁམས་དང་ཐད་ཀར་འབྲེལ་བ་ཡོད་པ་འདི་དག

མཉམ་ལས་ཁང་སོ་སོའི་སྒོ་བྱང་དང་འདྲ་ཞིང་།

དུས་རབས་གསར་བའི་ཁྱད་ཆོས་སུ་བརྩིས་ཆོག་པའི།

འབྲོག་པ་དག་གི་ཨ་གསར་དང་འདྲ་བོ་འདུག

དེ་ལྟ་བུའི་ཡུལ་གྱིས་བཅད་པའི་ཁོར་ཡུག་ནས།

རྨ་ཆུ་ནི་ཡ་གླིང་གི་རྩྭ་ས་དང་པོ་ཞེས།

རྨ་ཆུའི་བུ་མོའང་རྨ་བྱར་དཔེ་འཇོག་གིས།

གླུ་སྙན་མོ་ལེན་པའང་ཁོར་ཡུག་དང་འཚམས་ཞིང་།

སྐད་སྦོམ་པོ་འཁྲོལ་བའང་མཐོ་སྒང་དང་མཐུན་པས།

རྨ་ཆུ་ནི་ཉི་འོད་འོག་གི་སྤང་ཐང་མཐའ་མེད་པ་དེ་ཡིན།

རྨ་ཆུ་ནི་ལྷ་སའི་མན་ཆད་ཀྱི་ཤོག་པ་ཆུང་ཆུང་ཞིག་ཡིན།

རྨ་ཆུ་ནི་ཙོང་ཁ་ཆེན་པོའི་ཤར་རྒྱུད་ཀྱི།

འབྲོག་སྡེ་ཆེན་པོ་ཞིག་ཡིན།

རྨ་ཆུ་ནི་ས་ཁྲའི་ངོས་ཀྱི་ནག་ཐིག་ཆུང་ཆུང་ཞིག་ཡིན།

ང་ཡི་མི་རིགས་འདིའི་སྣོད་བཅའི་ཁྲོད་ལ་བཏབ་པའི།

བལ་དང་རྩིད་པ་ལས་གྲུབ་པའི་སྒྱེ་མོ་ཁྲ་ཁྲ་ཞིག་ཡིན།

རིག་གནས་དང་དཔལ་འབྱོར་བསྡུར་ཏེ་བསམ་དུས།

རྨ་ཆུའི་སློབ་ཆེན་པ་ཞེས་ན་ངོ་གནོངས་དགོས་ཤིང་།

ཀྲུང་གོའི་རྨ་ཆུ་ཞེས།

ཚོང་བརྡར་ཉན་ཚེ་རྒྱགས་ཏེ་སོང་ཆོག་པའི།

དངོས་ཡོད་དང་ངོམས་སྟོན་གྱི་བར་གསེང་ན་ལུས་འདུག་པ།

ཡིད་དུ་འོང་བའི་འབྲོག་པ་མང་ཚོགས་ཡིན།

ཡངས་ཤིང་ཆེ་བའི་རྩྭ་ཐང་ཡངས་མོ་ཡིན།

རང་ངོ་གཞན་ལ་སྦྱོར་བར་དགའ་པའི་མགོ་ཡང་དང་།

དུས་ཀྱི་རླུང་ཁར་ཤེད་ཀྱིས་རྒྱུག་པར་མཁས་པའི་ཡོག་ལི།

ཡོད་ཚད་འུད་ཀྱིས་སྨྲ་ཞིང་གསོབ་ཀྱིས་སྤུར་བའི་ཁོག་སྟོང་།

ཐམས་ཅད་ངག་ལ་བསྒྲོན་ནས་སྟོབས་ཀྱིས་བྱོ་བའི་འཆལ་བོ།

རང་གི་ཁེ་ཕན་གྱིས་གཞན་ངོ་བསླུ་ངེས་པ་དག་གིས།

རྨ་ཆུ་རྙོག་ཅིང་བྲུག་ཏུ་འཇུག་ངེས་སམ།

སྤང་ཐང་བྱེ་མར་བསྒྱུར་ནས་འཕྱུར་དུ་འཇུག་ཨེ་སྲིད།

སྙིང་ལ་གཟན་ཞིང་མིག་ལ་གཙེས་ཡོང་བ་མཐའ་དག

འདི་ནས་རྒྱང་ལ་བཞུར་རོགས་ཞུ།

འདི་ནས་ས་སྲོད་ལ་འཐིམས་ཏེ་མི་མཐོང་བར་ཞུ།

རྨ་ཆུ་ནི་མཐོ་སྒང་ལ་ཐུན་མིན་དུ་ཡོད་པའི།

འབྲོག་སྡེ་སྨུག་པོ་ཞིག་ཡིན།

གཙང་བོ་རྔོག་རིང་ཞིག་ཡིན།

འབྲོག་སྐད་རྣལ་མ་འཁྲོལ་ཤེས་པའི།

ངའི་ཁྲག་རྒྱུན་དང་སྦྲེལ་ཡོད་པ་ཞིག་ཡིན།

འཚོ་གནས་ཉེན་འཚུབ་ཀྱི་དཀྱིལ་དབུས་ན་འདུར་བའི།

ངའི་ཕ་ཡུལ་དང་འདྲ་བོ་འདུག

ཨ་མའི་འཛུམ་མདངས་ཀྱི་ཁྲོད་ལ་བསྐུང་པའི།

སྐྱིད་སྡུག་གི་གཉེར་རིས་ཐར་ཐོར་ཡིན།

ཞེན་ཆགས་དང་འཁྲེང་སེམས་ཀྱིས་བཀྱིག་པའི།

ངའི་མིང་སྲིང་དང་འདྲ་བོ་འདུག

འབྲོག་སྡེ་དེའི་ནོར་ལུག་གི་ཁྲོད་ནས་ནར་སོན་ཡོང་བའི།

ལོ་རྒྱུས་ཀྱི་དཀར་ཐིག་ལ་ཚང་བཅས་པའི།

ནགས་ཚང་ནེའུ་བློ་ཟེར་བ་ཞིག་ཡོད།

རྒྱུད་དྲུག་གི་དབྱངས་རྟར་འཐིམས་ཟིན་པའི།

རྡུང་ལེན་པ་བདུད་བྷེ་ཟེར་བ་ཞིག་ཡོད།

ཁོང་གཉིས་ནི་རྨ་ཆུ་བ་རྣམས་ཀྱིས་བརྗེད་དུ་མི་རུང་བའི།

གསེར་ནག་གི་སྒྲོག་གུ་གཉིས་ཡིན།

ཁོང་གཉིས་ནི་རྨ་ཆུ་སྔོན་མོའི་རབ་ཁ་འབྱེད་བྱེད་ཀྱི།

ཀོ་བའི་གྲུ་ཆུང་སྣུམ་ལོག་མ་གཉིས་ཡིན།

ཁོང་གཉིས་ནི་ངས་རྨ་ཆུ་བ་ཁྲི་ཕྲག་གི་ཁྲོད་ནས།

མངོན་དུ་གཏད་པའི་མིག་དང་རྣ་བ་ཡིན།

ཁོང་གཉིས་ནི་རྨ་ཆུ་བའི་ངག་རྒྱུན་ན་ལྷང་ལྷིང་གྲག་བཞིན་པ་དེ་ཡིན།

དེ་ལྟ་ནའང་།

རྨ་ཆུ་ནི་རྒྱང་ལ་བཞུར་བའི་ཉི་མའི་མིག་ཆུ་སྟེ།

སྐྱོ་ཤས་ཀྱི་སྨུག་ལོང་ཁྲོད་ན།

མག་མོག་ཏུ་འགྱུར་བཞིན་པ་དེའང་ཡིན།

འགྲིམ་འགྲུལ་དང་བརྡ་འཕྲིན་གྱིས་རྒྱང་བཀྱེད་པའི།

ལུང་པ་དང་རུ་སྡེ་ག་ཚོད་ཅིག

ཉི་མའི་དཀར་ངོགས་སུ་འཇིག་བཞིན་པའི་ཉམས་སྣང་།

དུས་རབས་དང་སྤྱི་ཚོགས་ཟེར་བས་སྣུབ་བཞིན་པ།

ང་ཚོའི་སྣང་ཡོད་ལ་ན་ཟུག་མེད་པ་འདིས་ཅི་ཞིག་མཚོན་ཨང་།

སྲོད་ལ་སྟོད་རྗེན་དུ་བུད་པའི་འབྲོག་པ་ཞིག་གིས།

འདོ་བའི་གྲུག་ཤའི་སྟེང་ལ་ལྕག་གིས་བྲབ་བཞིན།

རྨ་ཆུའི་རབ་ཁ་འཚོལ་བཞིན་འདུར་བཞིན་འདུག་པ་མཐོང་།

ཤོག་སྒོར་གྱི་ངོས་སུ་ལས་དབང་དང་རྔུལ་ཆུ་འབྱར་བའི།

ཚེ་སྲོག་གི་དབུགས་རྒྱུན་འགག་ལ་ཉེ་བ།

རྒོད་པོའི་འཚེར་སྐད་སྙན་སེང་བ་དེ་མིན་ནམ།

རྨ་ཆུ། རྒྱང་ལ་བཞུར་བའི་ཉི་མའི་མིག་ཆུ།

སྐྱོ་ཤས་ཀྱི་སྨུག་ལོང་ཁྲོད་ན།

མག་མོག་ཏུ་འགྱུར་བཞིན་འདུག་ཨང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1