༄༅།། འབྲོག་ཕྲུག་མ།

སྨུག་པོ། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-12



ལྷགས་རླུང་གིས་བཀྲུས་པའི་ཞལ་རས།
ཆར་རྒྱུན་གྱིས་ཤད་པའི་སྐྲ་ལོ།
འཛུམ་མདངས་ཀྱིས་དགོད་པའི་འདྲེན་བྱེད་ཟུང་།

མེ་ཏོག་གི་འདབ་གཤོག་ཁྲོད་ན་ཅི་འདྲའི་སྙིང་དུ་སྡུག་ཨང་།


འབྲོག་ཕྲུག་མ། རྩམ་དྲི་ཡལ་མ་མྱོང་བའི་གཅེས་ཕྲུག་མ།
འཛུམ་མདངས་ཉི་མའི་གྲོགས་སུ་ཤར་བས།
ངའི་སེམས་ལ་དྲོད་སྣང་སྦྱིན་སོང་།

ངའི་སྙིང་གི་མུན་པ་སངས་སོང་།


ཕ་ཡུལ་གྱི་སྤང་ལྗོངས་སྟེང་འདིར།
ཁྱོད་དང་མཉམ་དུ་མེ་ཏོག་གི་སྒེག་ཆས་སྤྲོས་མྱངས།
འཇའ་ཚོན་གྱི་གོས་གསར་གྱོན་ནས་ཉི་ཟེར་ལ་ལག་བརྡ་བཏང་མྱངས།
སྐར་ཚོགས་ལ་ལག་རྡང་སྦྲེལ་ནས་སྐོར་བྲོ་འཁྲབ་མྱངས།

རྨི་ལམ་གྱི་མཛེས་ལྗོངས་ནས་འཕྲུལ་སྣང་གི་མེ་ཏོག་བཏུས་མྱངས།


འབྲོག་ཕྲུག་མ།
ཁྱིམ་གྱི་འཚོ་ཚིས་ལ་འབད་པས།
ངའི་འཚོ་བ་ལ་འོ་དྲི་བསྐྱིལ་སོང་།
གཤིས་ཀ་ལས་འཇམ་པའི་དགོད་སྒྲ་དྭངས་མོས།

ངའི་དུས་ཚིགས་ལ་ཁ་དོག་བགོས་སོང་།


དོ་ནུབ་ཕྱི་རོལ་ན་ཁ་བ་འབབ་བཞིན་འདུག
ང་གང་དུའང་འགྲོ་མི་འདོད།
ཁྱོད་ཀྱི་མིང་ཡིག་གི་ཚ་དྲོད་རུམ་ནས།
འདས་སོང་གི་ལོ་ཟླ་དྲན་པའི་དཔལ་དུ་བྲིས་ཡོད།
འབྲོག་ཕྲུག་མ། །
2016ལོའི་《གངས་ལྗོངས་ཉི་གཞོན།》དེབ་6པ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1