༄༅།། ཉག་རོང་བཅུ་གསུམ་དུས་ཆེན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-20


        ཉག་རོང་བཅུ་གསུམ་དུས་ཆེན་ནི་བོད་ཟླ12པའི་ཚེས13ཉིན་ཁམས་ཉག་རོང་ས་ཆ་ནས་གཟབ་རྒྱས་ངང་རོལ་བའི་ལོ་སར་གྱི་རྣམ་པའི་དུས་ཆེན་ཞིག་ཡིན་ལ། སྲོལ་དེ་ནི་སྔོན་ཆད་ཉག་རོང་དཔོན་པོ་ཨ་མགོན་ཟེར་བས་ཁམས་ཆབ་མདོ་མན་ཆད་དང་ཤར་རྒྱལ་མོ་རོང་ཡན་ཆད་དྲག་པོའི་དཔུང་སྟོབས་ཀྱིས་དབང་དུ་སྡུད་སྐབས། དམག་ཇུས་ཀྱི་དགོས་མཁོ་ལ་བརྟེན་ནས་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་ལོ་གསར་སྔ་སྣུར་བྱས་ནས་རོལ་ཞིང་། དེ་ནས་ཡུལ་གཞན་དུ་དམག་དྲངས་པས་གཡུལ་ལས་རྣམ་པར་རྒྱལ་ཏེ་ཕྱིར་བསླེབས། ཕྱིས་སུ་ཟླ་ཚེས་དེ་གཟའ་སྐར་བཟང་བོ་ཞིག་ཏུ་བརྩིས་ནས་དྲན་གསོ་བྱས་པས། ལོ་གསར་གྱི་ཕན་ཆད་དུ་དེ་ལས་ཆེ་བའི་དུས་ཆེན་མེད་པར་ལོ་རྒྱུན་དུ་གཟབ་རྒྱས་ངང་རོལ་བའི་སྲོལ་བྱུང་། 
        ཡང་བཤད་ཚུལ་ཞིག་ལ། ཁམས་ཀྱི་ལྕགས་མདུད་བླ་མ་ཤེས་རབ་རྒྱ་མཚོ་ཞེས་པ་དེ་ཉིད་མཁས་དང་གྲུབ་པའི་སྙན་པ་ཕྱོགས་ཀུན་ཏུ་ཁྱབ་པས་གདུལ་བྱ་ཤིན་ཏུ་རྒྱས་ཏེ། ཉག་རོང་སྡེ་བཞིའི་བཀུར་གནས་སུ་གྱུར། ཁོང་གི་དགོངས་པར་བོད་ཟླ་དང་པོར་ལོ་གསར་རོལ་ན་ཆོ་འཕྲུལ་ཆེན་པོའི་ཟླ་བ་དེར་སྐམས་ལུག་མང་བོ་བཤས་ནས་སྲོག་གཅོད་སྡིག་པ་བྱས་ན་མི་ལེགས་པར་སྙམ་པས། ཟླ་བ་སྔ་མའི་ཚེས་བཅུ་གསུམ་ཉིན་ལོ་སར་སྔ་སྣུར་བྱས་ན་གཟའ་སྐར་ཤིན་ཏུ་དགེ་བའི་མཚན་མ་ཤར་གསུངས་ནས་ལོ་གསར་གྱི་དུས་སྟོན་ལ་རོལ་སྲོལ་ཚུགས། དེའི་རྗེས་དྲན་གྱི་ཆེད་དུ་ད་ལྟ་བཅུ་གསུམ་དུས་ཆེན་དེ་ཁམས་ཉག་རོང་ས་ཆའི་སྲོལ་རྒྱུན་དུས་ཆེན་འགངས་ཅན་ཞིག་ཏུ་བརྩི་བ་རེད། བཅུ་གསུམ་རོང་བའི་དུས་ཆེན་རོལ་བའི་བཟའ་བཅའ་བཏུང་གསུམ་གྱི་རིགས་དང་རྒྱན་གོས་གཟབ་མཆོར་སྤྲས་སྟངས། བསང་མཆོད་རླུང་རྟ་སྤུར་ཚུལ། རྒྱུག་རྟའི་བང་རྩལ་འགྲན་སྟངས་སོགས་ནི་བོད་ཡུལ་སྤྱི་དང་འདྲ་བར་ཕྱག་ལེན་ཆོ་ག་ཆ་ཚང་མ་ཉམས་པར་སྒྲུབ་སྲོལ་ཡོད་ཅིང་། བཅུ་གསུམ་ཉིན་གྱི་སྐྱ་རེངས་མ་ཤར་གོང་ཙམ་ནས་མལ་ལས་ལངས་ཏེ་ཁ་ལག་གཙང་མར་བཀྲུས་རྗེས། སྐྱེས་པ་རྣམས་ཀྱིས་རང་རང་གི་ཁང་སྟེང་ནས་ལྷ་བསང་གཏོང་བ་དང་། བུད་མེད་རྣམས་ཀྱིས་ཆུ་མིག་ཁ་ནས་ཆུ་ཕུད་དང་འཁྱགས་རོམ་ལེན་པ་ཁྱིམ་གྱི་ཆུ་སྣོད་དུ་ཆུ་གཙང་མས་བཀང་བར་བྱེད། བཟའ་བཏུང་ལ་རོལ་སྐབས་ཁྱིམ་ཚང་གི་བཟའ་དཔོན་ནམ་ལོ་ན་རྒན་ཤོས་དེས་ཟས་ཀྱི་ཐོག་མར་བཀྲ་ཤིས་ཁ་གཡང་བརྗོད་དེ། ཁྱིམ་མི་ཐམས་ཅད་ལོ་གསར་བའི་ནང་བཀྲ་ཤིས་བདེ་ལེགས་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ཚིག་གསུངས་ཤིང་། ཁ་ཕྱེ་མས་གསོ་ཞེས་བཟའ་མི་ཚང་མར་དཀར་གསུམ་མངར་གསུམ་གྱི་ཕྱེ་མ་འགམ་དུ་འཇུག  དེ་ནས་ཟས་གང་ཞིམ་ལ་ལོངས་སྤྱད་དེ་རང་ཁྱིམ་དུ་དགའ་སྐྱིད་དཔལ་ལ་རོལ་བ་ལས་ཉིན་དེར་ཕྱི་རོལ་དུ་མི་འགྲོ་བ་དང་། བཀྲ་ཤིས་དུས་སྟོན་ལ་རོལ་བའི་ཉིན་མོ་དེར། རང་ཁྱིམ་གྱི་ནོར་རྫས་ཕྱིར་གཏོང་དང་ཁ་རྩོད་འཛིང་རེས། གཏམ་ངན་སྤྱོད་རྩུབ་སོགས་ལ་ཤིན་ཏུ་འཛེམ་པའི་སྲོལ་ཡང་ཡོད།
        དེ་ལྟར་ཉིན་ཤས་རིང་རྒྱན་གོས་གང་བཟང་སྤྲས་ཏེ་མདའ་རྩལ་འགྲན་པ་དང་ཉག་བྲོ་འཁྲབ་པ། མགྱོགས་རྩལ་དང་འགྱོག་ཤེད་འགྲན་པ། བོད་ལུགས་ཀྱི་སྦེ་ག་འགྲན་པ་དང་སྐེ་ཤེད་འཐེན་པ། ཁ་མཚར་དང་གླུ་ཤགས་ལེན་རེས། རྨ་བྱ་ཆུ་འཐུང་སོགས་ཀྱི་ལུས་རྩལ་འགྲན་མཐར། སྐྱེས་ཕོ་མོ་ཀུན་བྲོ་རར་ཕྱིན་ནས་ཉག་བྲོ་དལ་ལ་རིང་མོ་འཆམ་མགོ་བརྩམས་པ་དང་། བྲོ་ཚིག་ལ་ཐོག་མར་ངེས་པར་དུ། དེ་རིང་གནམ་ལ་སྐར་མ་བཟང་། ཉི་མ་སེར་བོ་ཤར་ནས་ཤར། བླ་མ་བཟང་བོའི་མདུན་ལ་ཤར། ཆོས་ཀྱི་བསྟན་པ་དེ་ནས་དར། ཉི་མ་སེར་བོ་ཤར་ནས་ཤར། དཔོན་པོ་བཟང་བོའི་མདུན་ནས་ཤར། ཁྲིམས་ཀྱི་བསྟན་པ་དེ་ནས་དར། ཉི་མ་སེར་བོ་ཤར་ནས་ཤར། མ་སྲུ་བཟང་བོའི་མདུན་ལ་ཤར། མགྲོན་གྱི་བསྟན་པ་དེ་ནས་དར། ཞེས་ལེན་བཞིན་དུ་བྲོ་གར་འཁྲབ་པ་དང་། བྲོ་མཇུག་སྡུད་དུས། སྔར་ཡོད་བྲོ་རྩེ་རྣམས་ཀྱི་ཁར། སྐྱེས་ཕོ་མོ་ཀུན་དང་ཁྱད་པར་དུ་ཁ་རྒན་བཀྲ་ཤིས་ཞེས་ལོ་ན་མཐོ་ཞིང་ལུས་སྟོབས་བཟང་བ།  ཁྱིམ་ཚང་སྐྱིད་ཅིང་དཔལ་ཕྱུག་འཛོམས་པ། མི་སེར་ཚང་མས་བརྩི་མཐོང་ཆེ་བ་ཞིག་གིས་བྲོ་དཔོན་བྱས་ཏེ། བྲོ་ཚིག་ལ། བཀྲ་ཤིས་ལུང་བའི་ཕུ་ལ། བཀྲ་ཤིས་གངས་རི་ཆགས། བཀྲ་ཤིས་གངས་རི་དེ་ལ། གངས་ཀྱི་སེང་གེ་འཁོར། གངས་ཀྱི་སེང་གེ་འཁོར་བར། སེང་ལ་གཡུ་རལ་རྒྱས། བཀྲ་ཤིས་ལུང་བའི་སྐེད་ལ། བཀྲ་ཤིས་ནགས་རི་ཆགས། བཀྲ་ཤིས་ནགས་རི་དེ་ལ། ནགས་ཀྱི་སྟག་མོ་འཁོར། ནགས་ཀྱི་སྟག་མོ་འཁོར་བར། སྟག་ལ་འཛུམ་དྲུག་རྒྱས། བཀྲ་ཤིས་ལུང་བའི་མདའ་ལ། བཀྲ་ཤིས་སྡེ་བཞི་ཆགས། བཀྲ་ཤིས་སྡེ་བཞི་ཆགས་པར། ཕོ་མོ་བཀྲ་གསུམ་རྒྱས།ཕོ་མོ་བཀྲ་གསུམ་རྒྱས་ཤིང་། བཀྲ་ཤིས་རྟག་ཏུ་འབར། ཞེས་བཀྲ་ཤིས་བྲོ་ངག་རིང་མོས་མཐར་བརྒྱན་ཏེ་མཇུག་བསྡུས་པ་དང་ཕན་ཚུན་སེམས་འཁྲེང་བཞིན་འབྲལ་མི་ཕོད་པའི་ངང་བཅུ་གསུམ་དུས་ཆེན་གྱི་འདུ་ར་ནས་རང་སར་གྱེས་པ་རེད།
(གསལ་བཤད། ཁམས་པའི་རིག་གནས་དྲ་བའི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1