༄༅།། བྱང་སྡེ་ཉི་མ་རྫ་ཆུ་ཁ་བའི་དར་བཤད་བཀྲ་ཤིས་དཔལ་འཕེལ།

ངག་དབང་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-23


ངག་དབང་སྒྲོལ་མ།
        ལག་འདི་ན་དར་ཞིག་བཀྱགས་རྒྱུ་བོ། ངེད་གངས་ཅན་བོད་ཀྱི་སྲོལ་རྒྱུན་རེད། ལག་བྱང་སའི་དར་ཞིག་སྣར་རྒྱུ་བོ། རྒྱུ་སྟོན་མོ་རྟ་ཁ་ལེན་ཟུས་རེད། ངའི་གླིང་རུས་ས་གླང་སེར་པོ་རེད། བཀྲ་ཤིས་པའི་དར་ཁ་ལེན་ནི་བོ། ད་དེ་རིང་ས་པདྨ་འདབ་བརྒྱད་ཀྱི་ཡ་སྟེང་གི། གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་མར་གཤམ་དུ། ས་གནམ་ལ་སྐར་མ་དུས་ཚོད་ཡག ད་དེ་རིང་ས་བཀྲ་ཤིས་དཔག་མེད་དར་ཐང་དུ། བར་སྨེ་བ་དགུ་བསྒྲིགས་ཀྱི་གོང་ཐག་གི། གསེར་སྒ་ཉི་མ་རང་ཤར་གྱི་ལ་ཐོག་ཏུ། སྟག་ཤར་ལུ་ཚེ་ཐག་རིང་རྒྱུ་བོ། ད་ངེད་སྐུ་གཅིག་སྐུ་གཉིས་སྐུ་གསུམ་པོ། སྐུ་དང་པོ་ལྷ་ཆེན་ཚངས་པའི་སྐུ། ལྷ་ཆེན་ཚངས་པས་ཁ་མགོན་མཛོད། སྐུ་གཉིས་པ་འོག་མ་ཀླུ་ལ་རྒྱུ། འོག་མ་ཀླུ་ཡིས་ཁ་མགོན་མཛོད། སྐུ་གསུམ་པ་སྟག་ཤར་ང་ལ་རྒྱུ། སྟག་ཤར་ལུའི་དབུ་འཕང་མཐོ་བར་ཤོག ད་དེ་རིང་གངས་དཀར་པོ་སེང་གེ་འགྱིང་འདྲ་ཡག་གི། ནགས་རི་ཕྱུག་མོ་རྒྱ་སྟག་འགྱིང་འདྲ་ཡག་གི། སྤང་རི་སྔོན་མོ་འབྲོང་གི་འགྱིང་འདྲ་ཡག་གི། སྟོད་ན་རྫ་ཆུ་སྔོན་མོ་རྒྱུ་ལུགས་ཡག་གི། སྟོད་ན་རྫ་རྒྱལ་ཕྱུག་མོ་བཞུགས་ལུགས་ཡག་གི། གཡུ་རྩེ་རྣམ་རྒྱལ་འཛོམས་ལུགས་ཡག་གི། བཟང་གསུམ་གྱི་རྟེན་འབྲེལ་དེ་རིང་འགྲིག་གི། དེ་རིང་ངས་རྫ་གཡུ་ཐང་ཕ་མའི་རྩེ་ར་འདི་ཚོའི་བཤད་པ་མདོར་བསྡུས་ཤིག་བྱེད་ན། 
        ཕྱུག་ལོངས་སྤྱོད་དར་བའི་འབྲོག་སྡེ། ཤར་ཉི་ཟླའི་སྒྲོན་མེ་འབར་ས། ལྷོ་ནགས་ལུང་དྲི་བསུང་འཐིབས་ས། ནུབ་གངས་དཀར་ལྷ་བཤོས་བཤམས་ས། བྱང་ཚངས་པའི་ཡོན་ཆབ་འབུལ་ས། དེ་བོད་མགོ་ནག་བསྟན་པའི་དགྲ་ལྷ། གླིང་གེ་སར་འཁྲུངས་ནས་དར་ས། བདུད་ནག་པོ་དམ་ལ་བཏགས་ཏེ། བོད་མཆོག་གྱུར་ཆོས་ཀྱི་གཟི་བྱིན། གནས་མཆོག་གྱུར་རྡོ་འབུམ་རིང་མོ། གླིང་མཁས་པས་གསན་སྦྱང་མཛད་ས། ད་དེ་ལྷ་རིགས་གསུམ་སྤྲུལ་པའི་གར་ས། མ་འགྲོ་དྲུག་སྨིན་གྲོལ་མཛད་ས། བོད་མཐོ་སྒང་འབྲོག་པའི་ས་ཆ། རྩྭ་སྔོན་པོ་གདང་ཐག་མཛད་ས། བློ་གཡུ་རྩེ་གཟི་བརྗིད་སྐྱེས་ས། རྩྭ་གཡུ་ཐང་ཕ་མའི་རྩེ་ར། བཟང་རྟེན་འབྲེལ་འགྲིག་པའི་ཉིན་མོ་འདི་ལ། ངའི་གཉེན་པོ་ཚང་གི། སྐྱ་རེངས་འདབ་མ་མ་ཆགས་གོང་། སྔོ་རེངས་འདབ་མ་མ་ཆགས་གོང་། འཁོར་བའི་སྦྲ་ནག་གྲུ་བཞི་ལ། ཟངས་དཀར་བཀྲ་ཤིས་རྟགས་བརྒྱད་བཙུགས། ཁ་ན་པདྨ་འདབ་བརྒྱད་ཡོད། རྒྱབ་ལ་རིགས་གསུམ་མགོན་པོ་ཡོད། ད་དེ་རིང་ཕ་ཁུ་རྣམས་ཀྱིས་ཇ་འདྲེན་བྱས། མ་སྲི་མོ་རྣམས་ཀྱིས་ཆང་འདྲེན་བྱས། རྫ་ཆུ་སིལ་མའི་ཆབ་ཅིག་བྲན། སོག་ཡུལ་དཔའ་མོས་མདངས་ཤིག་བླུག འབྲི་མར་སེར་མོས་ཁ་རྒྱན་འཕངས། རྫ་མཚམས་པ་ཚང་གིས་གཡང་འབོད་གསུང་། ཁྱེད་དེ་རིང་བག་མ་བག་ཏུ་འགྲོ། སྟག་གདན་གཟིག་གདན་ཀླ་ཀློའི་གདན། གདན་འདི་ཚོ་དེང་སང་མི་མཛའ་འུ། ས་གཞི་སེར་པོའི་ཡང་སྟེང་ན། འབའ་བརྒྱ་བརྒྱ་བརྒྱ་ཡོངས་འཛིན་བོ། དྲི་ཟའི་ལྗོན་པའི་དཀར་ཆང་ཡོད། རི་མོ་གཡུ་རིང་གཡུང་འཁྱིལ་ཡོད། ངའི་ཉེ་སོང་ཚང་གི་བཏིང་ནི་ཡིན། དེ་ཁྱེད་རྟ་བོ་གཡུ་སྒང་བཏགས་ས་ན། གསེར་གྱི་ཕུར་བ་འདོམ་གང་ཡོད། ཕུར་མགོ་ཨ་སྔོན་གནམ་ལ་ཡོད། ཕུར་རྟིང་དོག་མོ་ས་ལ་ཡོད། ཕུར་སྐེད་འཛམ་བུ་གླིང་ན་ཡོད། དེ་ངོ་ན་གཡུ་བྱ་བཏགས་རྒྱུ་གྱིས། དེ་ངའི་ལག་གི་ཁ་དར་དཀར་པོ་འདི། འདི་བླ་མ་བཟང་པོའི་ཆོས་དར་ཡིན། དཔོན་པོ་བཟང་པོའི་ཁྲིམས་དར་ཡིན། མདོ་ལི་རྟ་ཕོ་རྒྱུག་དར་ཡིན། སྨད་རི་སེང་གེ་སྐྱེས་དར་ཡིན། ཤར་མི་ནུབ་ཡུལ་ནས་དར་ནི་ཡིན། ཉ་སྤྲ་བ་ཁ་ཆེ་ཁག་དར་ཡིན། ཕྱི་མི་འགྱུར་བཀྲ་ཤིས་རྟགས་བརྒྱད་ཡིན། ནང་མི་འགྱུར་རྒྱལ་སྲིད་སྣ་བདུན་ཡིན། བཀྲ་མི་འགྱུར་པདྨ་འདབ་བརྒྱད་ཡིན། ཕུན་སུམ་ཚོགས་པའི་དར་ཁ་ཡིན། དེ་རིང་གཉེན་ཚང་ཁྱེད་ལ་འབུལ། དེ་རིང་འདིའི་དར་མགོ་རྒྱ་གར་ཡུལ་ན་ཡོད། རྒྱ་གར་ཆོས་གཡང་བོད་ལ་འདྲེན། ཆོས་ཟབ་མོ་བོད་ལ་གནང་ཉིན་མོར། རྗེ་བཤེས་གཉེན་མཇལ་བའི་མཇལ་དར་དགོས། དར་རྔ་རྒྱ་ནག་ཡུལ་ན་ཡོད། རྒྱ་ནག་ཁྲིམས་གཡང་བོད་ལ་འདྲེན། ལས་བདེན་རྫུན་དབྱེ་འབྱེད་བྱེད་ཉིན་མོར། རྗེ་ཁྲིམས་དཔོན་མཇལ་བའི་མཇལ་དར་དགོས། དར་སྐེད་གངས་ཅན་བོད་ན་ཡོད། བོད་གངས་ཅན་ང་ཡི་ཕྱག་ན་ཡོད། ཁྱོད་ལག་ན་ཡོད་པའི་དར་ཁ་བོ། དར་ཁ་ཡིད་བཞིན་ནོར་བུ་རེད། ངེད་ལག་ན་ཡོད་རྒྱུ་བོ་ལྷ་དར་རེད། ལྷ་དར་ཉིན་མོ་བདེ་ལེགས་རེད། ཀྭ་ཀྭ། བཀྲ་ཤིས་པའི་དར་ཁ་ཁྱེད་ལ་འཕེན། དོན་འགྲུབ་པའི་དར་ཁ་ང་ལ་བྱིན། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1