༄༅།། ཁམས་རྟའུ་ཡི་ཡུལ་གྱི་གནས་ཆེན་སྦ་ཞབས་བྲག་དཀར།

སྐུ་ནུབ་བློ་བཟང་རྒྱ་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-23



སྐུ་ནུབ་བློ་བཟང་རྒྱ་མཚོ། སྨུག་རོང་ཐུབ་བསྟན་དར་རྒྱས་ཀྱིས་པར་བླངས།

        གནས་མཆོག་སྦ་ཞབས་བྲག་དཀར་གྱི་གནས་སྒོ་འབྱེད་མཁན་ནི་ཁོད་སྤུངས་བློ་གྲོས་ཐོགས་མེད་དང་རིག་འཛིན་ཆོས་རྒྱལ་གླིང་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་རྣམས་ཡིན་ལ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་བོ་སེང་གེ་དཀར་མོ་གནམ་ལ་མཆོང་པ་འདྲ་བའི་སྨུག་རོང་གི་ལུང་མདོ་སྲུང་ནས་བསྡད་ཡོད་པ་དང་འདྲ། གནས་མདུན་ནས་ཉིན་ཕྱོགས་ཡར་རི་རྩེ་ལ་སྤྱི་ལེ་བཞི་ཙམ་དང་ལ་རྩེ་ནས་རྒྱབ་ཀྱི་སྲིབ་ཕྱོགས་མར་གནས་མདུན་ལ་སྤྱི་ལེ་ལྔ་ཙམ་བཅས་ཁྱོན་སྐོར་བ་གཅིག་གི་རིང་ཚད་སྤྱི་ལེ་དགུ་ཙམ་ལས་མེད། ཉིན་ཕྱོགས་ན་ཐང་ཤིང་དང་སྒྲོན་ཤིང་། བེ་ཤིང་སོགས་ཤིང་སྣ་དུ་མས་བརྒྱན་ཅིང་ཡོད་ལ། གནས་མདུན་ན་གནས་སྒོ་ཕྱེས་ཤུལ་གྱི་སྒོ་བྲག་ལ་རང་གྲུབ་མཇལ་རྒྱུ་ཡོད་ལ་ཁོད་སྤུངས་བློ་གྲོས་ཐོགས་མེད་དང་རིག་འཛིན་ཆོས་རྒྱལ་གླིང་པ་གཉིས་ཀྱི་ཞབས་རྗེས་རང་བྱོན་མཇལ་རྒྱུ་ཡོད། དེ་ནས་གཡས་སྐོར་བྱས་ནས་སོང་ན་བྲག་མཐོ་ཚད་ཁང་བརྩེགས་གཉིས་ལྷག་ཙམ་ན་བྲག་གསེབ་ནས་ཐད་ཀར་རྡོལ་བའི་བྱིན་ལྡན་གྱི་གྲུབ་ཆུ་འཐུང་རྒྱུ་ཡོད། ཆུ་འདི་ནི་ཤིན་ཏུ་ངོ་མཚར་ཅན་ཏེ་ཐན་པ་ཡུན་རིང་བྱུང་ན་སྐམ་རྒྱུ་མེད་ལ། ཆར་ཆུ་ཅི་ཙམ་མང་ཡང་རྒྱས་རྒྱུ་མེད་པར་ཚད་གཅིག་ཏུ་དུས་བཞིར་འབབ་པ་ཡོད། བཤད་ཚུལ་ལྟར་ན་མི་བསོད་དམན་དང་སྡིག་སྒྲིབ་ཆེ་བ་ཡིན་ན་གྲུབ་ཆུ་མི་འབབ་པ་དང་བསོད་ཆེན་དང་དགེ་སྒྲུབ་སྡིག་སྤང་གི་མི་ཡིན་ན་འབབ་རྒྱུ་ཡོད་པ་ཡིན་ནོ། །དེ་མིན་སྒྲུབ་ཕུག་ཆེ་ཆུང་མང་ཡང་སྐོར་ལམ་ཟུར་ན་མེད་པར་རིའི་ངོ་ལ་ཆེད་དུ་མཇལ་ས་འགྲོ་དགོས་སོ། །དེ་ནས་ཡར་སྤྱི་ལེ་གཅིག་ཙམ་སོང་ན་ལྷམ་འཚང་གི་རྩྭ་འཕེན་ས་ཡོད་པས་དེར་སླེབས་དུས་ངེས་པར་དུ་ལྷམ་འཚང་གི་རྩྭ་རྙིང་པ་དེ་འཕེན་ཞིང་རྩྭ་གསར་པ་བརྗེ་དགོས། འདི་ནི་རྟེན་འབྲེལ་བཅོས་ཀ་ཞིག་ཡིན། བཤད་སྲོལ་ལྟར་ན་ལྷམ་འཚང་རྙིང་པ་ནི་རང་རང་གི་ལུས་ལ་ཡོད་པའི་ནད་དང་གདོན། གེགས་དང་བར་ཆད་སོགས་ཡིན་པས་དེར་འཕེན་དགོས་ལ། བྲག་དཀར་གྱིས་གནང་བའི་རྩྭ་གསར་པས་ལྷམ་འཚང་བྱ་བ་ནི་རྐྱེན་ངན་བར་ཆད་སེལ་བ་དང་། ནད་མེད་ཚེ་རིང་ཁ་བསོད་རླུང་རྟ་དར་བ་སོགས་རྟེན་འབྲེལ་འགྲུབ་ཏུ་ཡོད་པ་ཡིན་པས་ངེས་པར་དུ་རང་རང་གི་སྨོན་ལམ་བཟང་པོ་འདེབས་དགོས་ཞེས་སོ། །དེ་ནས་ཡར་ལ་རྐེད་མཐོ་སར་སླེབས་དུས་ལག་རྟེན་ནམ་འཁར་བ་འཕེན་ས་ཡོད་པས་དེར་ལག་རྟེན་འཕེན་དུས་རང་གི་ཡིད་ལ་ད་རེས་ཀྱི་གནས་སྐོར་བྱིན་རླབས་ཀྱི་མཐུས་ངའི་ལུས་ངག་ཡིད་ཀྱི་སྡིག་པ་དང་སྒྲིབ་པ་རིམ་པ་གཅིག་འདི་ན་འཕངས་ཡོད་བསམ་ནས་འཕེན་དགོས། དེ་ནས་ཡར་ལ་ཁར་སླེབས་རན་དུས་དྭངས་ཤིང་བསིལ་བའི་ཆུ་མིག་ཞིག་ཡོད་པ་ནི་རིགས་ལྔའི་སངས་རྒྱས་རྣམས་ཀྱི་ཁྲུས་ཆུ་ཡིན་པས་དེ་འཐུང་ཞིང་ཁྲུས་གསོལ་བྱས་ན་ཤེས་རབ་འཕེལ་ཞིང་རིག་པ་གསལ། མི་གཙང་བའི་གྲིབ་རིགས་སོགས་ནད་གདོན་ཀུན་འཇོམས་པར་བྱེད་དོ། ། ཆུ་འདི་ལ་ཡུལ་མི་རྣམས་ཀྱིས་རྔམ་ཁུ་ར་མུ་ཟེར། དེ་ནས་ཡར་རྩེ་མགོར་མཇལ་ནས་མར་མདུན་ཕྱོགས་ལ་བལྟས་ན་ཤེལ་གོང་ལི་ཟེར་བའི་རི་ཁུག་ཅིག་ཡོད་པའི་ནང་བཀའ་འགྱུར་བྲག་དང་བསྟན་འགྱུར་བྲག་ཟེར་བའི་པུ་ཏི་བརྩེགས་འདྲའི་རང་བྱོན་སོགས་མཇལ་རྒྱུ་ཡོད། ས་དེ་ན་ལོ་རྒྱུས་དང་གཏམ་རྒྱུད་མང་པོ་ཡོད་ཀྱང་འདིར་མ་སྤྲོས་སོ། །དེ་ནས་རྒྱབ་ཏུ་མར་བབས་ནས་སོང་ན་སྤང་སྒང་གི་མཚམས་ལ་སླེབས་དུས་ཕར་རི་བྲག་ངོ་ལ་ཕུག་པ་ཞིག་གི་ནང་ན་གཏོར་སྒམ་ཆེན་པོ་ཞིག་ཡོད་པར་རྟེན་འབྲེལ་གྱིས་མི་རྣམས་ཀྱིས་སྐད་ཆེན་པོས་གཏོར་པོ་ཞེས་དང་ཇ་འཐུང་ཆང་འཐུང་སོགས་འབོད་སྲོལ་ཡོད། དེར་རང་རང་གི་རྟེན་འབྲེལ་སོགས་གང་འདོད་འབོད་པ་བྱས་ན་དེ་ལྟར་དུ་འགྲུབ་པ་ཡིན་ནོ། །དེ་ནས་རི་རྩེ་ནས་གནས་མདུན་ཕྱོགས་ཚུར་ཡོང་ན་གནས་ཆུ་དྲོད་མོར་སླེབས། ཆུ་འདི་ནི་དགུན་ཁའང་དྲོད་དང་ལྡན་པས་གནས་ཆུ་དྲོད་མོ་ཟེར། ཆུ་འདི་ཡིས་ཁྲུས་བྱས་ན། བསྐལ་པ་སྟོང་གི་སྡིག་པ་འདག །ནད་གདོན་མི་གཙང་དྲི་མ་སེལ། །རྐྱེན་ངན་བར་ཆད་ལོ་དུས་འགོག །ཅེས་འབྱུང་བ་བཞིན་ཆུ་ངོ་མཚར་རྨད་དུ་བྱུང་བ་ཡོད་དོ། །དེ་ལྟར་གཡས་སུ་བསྐོར་བ་བྲིས་ཀྱང་གཡོན་སྐོར་བྱེད་ནའང་ལམ་འདི་བརྒྱུད་དགོས་པས་གནས་རྟགས་རྣམས་མཇུག་ནས་ཡར་མཇལ་ནས་སོང་ནའང་གཅིག་པ་ཡིན་ནོ། །གནས་འདིར་གསང་ཕུག་ར་བོས་སོགས་སྒྲུབ་ཕུག་ཧ་ཅང་མང་ལ། ལོ་ཆེན་བེ་རོ་ཙ་ན་ནས་སློབ་བརྒྱུད་སྤང་རྒན་མི་ཕམ་མགོན་པོ་སོགས་བན་བོན་གྱིས་དམ་པ་མང་པོས་སྒྲུབ་པ་མཛད་མྱངས་ལ་མང་པོ་ཞིག་དེར་འཇའ་ལུས་གྲུབ་པའི་ལོ་རྒྱུས་ཀྱང་ཡོད་དོ། །མདོར་ན་གནས་མཆོག་འདི་ནི་ཐང་ཤིང་ཤུག་པ་དང་བེ་ཤིང་སོགས་ཀྱིས་ཡོངས་སུ་བསྐོར་བས་དུས་བཞིར་ལྗང་མདོག་གིས་བཀླུབས་ནས་བཞུགས་པ། ལྕང་མ་དང་གྲོ་ག་སོགས་ཤིང་སྣ་ཚོགས་སྟོན་མདོག་གིས་མཛེས་པས་པར་ལེན་མཁན་དང་ཡུལ་སྐོར་ལྗོངས་རྒྱུ་བ་ཡི་ཞིང་ཁམས་དང་། དད་ལྡན་མང་ཚོགས་ཀྱི་ལོ་རེ་རེའི་སྐྱབས་འཇུག་ཞུ་བ་དང་ཕྱི་མ་བདེ་འགྲོ་ཐོབ་པའི་ཐར་བའི་ཐེམ་སྐས་སུ་གྱུར་ཡོད་པ་ཞིག་གོ། ། 







རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1