༄༅།། ཉི་མའི་སྲས་མོ།

དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-20


ཁ་བའི་འདབ་མ་བཀླུབས་པའི་དགུན་དུས་ཀྱི་ཞོགས་པ་ཞིག་ལ།
ང་རང་རྟ་ཕོ་རག་ཕྲུག་ཅིག་ལ་བཞོན་ནས་ཁྱོད་ཀྱི་རྩྭ་ཐང་དུ་སོང་།
རབ་དཀར་གངས་ཀྱི་འདབ་མ་དང་ཁྱོའི་ལུག་ཁྱུ་མ་བུ་བཞིན་འདྲེས
ནམ་མཁའི་མཐའ་ནས་ཁྱོའི་རྫི་གླུ་ཡིས་ངའི་ཡིད་སེམས་བཀུག་སོང་།
ངས་ཁྱོའི་རྒྱང་རིང་གི་རྒྱབ་གཟུགས་གསལ་པོ་མཐོང་མི་ཐུབ་རུང་།
ཁ་བའི་མེ་ཏོག་གིས་ཁྱོད་ལ་འཛུམ་དཀར་གྱི་ཕྲེང་བས་བསུ་བ་མཐོང་ཚེ།
ཁྱོད་ནི་གངས་ལྷ་མེ་ཏོག་ལས་མཛེས་པའི་ལུག་རྫི་བུ་མོ་ཞིག་ཡིན་པ་ཐག་གིས་ཆོད།

དྲི་གཞོན་རླུང་བུ་ལྡང་བའི་དཔྱིད་ཀྱི་ཞོགས་པ་ཞིག་ལ།
ང་རང་ལྕགས་རྟ་ཞིག་ལ་བཞོན་ནས་ཁྱོད་ཀྱི་རྩྭ་ཐང་དུ་སོང་།
ཞོགས་པའི་མཚམས་སྤྲིན་དང་ཁྱོའི་ལུག་ཁྱུ་མ་བུ་བཞིན་འདྲེས།
ཉི་འོད་ལ་ཁ་ཕྱོགས་བཞིན་པའི་ཁྱོད་ཀྱི་གོམ་འགྲོས་ཀྱིས་ངའི་བརྩེ་སེམས་བརྐུས་སོང་།
ངས་ཁྱོད་ཀྱི་མཛེས་སྡུག་གི་བཞིན་རས་གསལ་ལྷང་ལྷང་དུ་མཐོང་མི་ཐུབ་རུང་།
ཞོགས་པའི་ཉི་གཞོན་གྱིས་ཁྱོད་ཀྱི་འཛུམ་མདངས་ལ་ལྐོག་ལྟ་བྱེད་པ་མཐོང་དུས།
ཁྱོད་ནི་ཉི་མའི་སྲས་མོ་ལས་མཛེས་པའི་ལུག་རྫི་བུ་མོ་ཞིག་ཡིན་པ་གདོན་མི་ཟའོ།།

མེ་ཏོག་འདབ་སྟོང་བཞད་པའི་དབྱར་གཞུང་གི་ཞོགས་པ་ཞིག་ལ།
ང་རང་སྦག་སྦག་ཞིག་ལ་བཞོན་ནས་ཁྱོད་ཀྱི་རྩྭ་ཐང་དུ་སོང་།
མཛེས་པའི་མེ་ཏོག་དང་ཁྱོའི་ལུག་ཁྱུ་མ་བུ་བཞིན་འདྲེས།
སྤང་ཐང་གི་དབུས་ནས་ཁྱོའི་འཛུམ་བག་གིས་ངའི་ཡིད་དབང་མྱོས་སོང་།
ངས་ཁྱོད་ཀྱི་སེམས་པ་དམར་རྗེན་དེ་དངོས་སུ་མཐོང་མི་ཐུབ་རུང་།
སྐལ་བཟང་མེ་ཏོག་གིས་ཁྱོད་ལ་སྒེག་པའི་ཞལ་འཛུམ་སྟོན་པ་མཐོང་ཚེ།
ཁྱོད་ནི་མེ་ཏོག་ལས་མཛེས་པའི་ལུག་རྫི་བུ་མོ་ཞིག་ཡིན་པ་ཐེ་ཚོམ་མི་དགོས།

སྟོན་གྱི་འབྲུ་དྲུག་སྨིན་པའི་རྫོགས་ལྡན་གྱི་ཞོགས་པ་ཞིག་ལ།
ང་རང་རླངས་འཁོར་ཆུང་ཆུང་ཞིག་བསྐོར་ནས་ཁྱེད་ཀྱི་རྩྭ་ཐང་དུ་སོང་།
རྩྭ་ཐང་གི་གསེར་མདོག་དང་ཁྱོའི་ལུག་ཁྱུ་མ་བུ་བཞིན་འདྲེས།
སྦྲ་ནག་གི་ཟུར་ནས་ཁྱོའི་བརྩེ་སེམས་ཀྱིས་ངའི་བླ་སྲོག་བཀུག་སོང་།
ཁྱོད་ཀྱི་ལུས་སེམས་ནམ་ཡང་ང་ལ་དབང་བའི་བསྐལ་པ་ཞིག་མི་ལྡན་རུང་།
ལ་ག་དང་ལུག་ཁྱུ་ཁྱེད་ཀྱི་རྗེས་སུ་བུ་བཞིན་འབྲང་བ་མཐོང་དུས།
ཁྱོད་ནི་ལྷག་བསམ་དང་བྱམས་སེམས་ཀྱིས་ཕྱུག་པའི་ལུག་རྫི་བུ་མོ་ཞིག་ཡིན་པ་གཞི་ནས་ཤེས་སོང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1