ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གིས་ཆ་འཕྲིན་ཅན་གྱི་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 03-03


        ཕྱོགས་ཡོངས་ནས་ཆ་འཕྲིན་ཅན་འཛུགས་སྐྱོང་བྱས་ཏེ“སློབ་གྲྭའི་དོ་དམ་ཞབས་ཞུ་དང་། དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་ཞབས་ཞུ། སློབ་མའི་རང་གཤིས་འཕེལ་རྒྱས་ཞབས་ཞུ། ཁྱིམ་ཚང་དང་སློབ་གྲྭའི་དབར་གྱི་སྤེལ་རེས་ཞབས་ཞུ”བཅས་མངོན་འགྱུར་བྱེད་པའི་རྩ་དོན་གཞིར་བཟུང་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གིས“དཔེ་མཚོན་སྣེ་ཁྲིད་དང་། གནད་ཀྱིས་ཁྱོན་གྱི་འཁྲིད་པ། ཁྱོན་ཡོངས་ལ་ཁྱབ་གདལ་གཏོང་བ”བཅས་ཀྱི་ལས་ཀའི་བྱེད་ཐབས་བཏོན་ཏེ་སློབ་ཁྲིད་བྱེད་སྟངས་དཔེ་གསར་ཞིག་བཏོད་པས། གློག་ཁྲིད་སྒྲིག་ཆས་སྤྱོད་ཚད་དང་སློབ་ཁྲིད་ཕན་འབྲས་མཐོ་རུ་ཏན་ཏིག་ཕྱིན་པ་མ་ཟད། སློབ་ཁྲིད་སྤུས་ཚད་ཀྱང་མཐོ་རུ་ཕྱིན་པ་རེད།
        དྲ་ཐོག་ཡིག་རྒྱུགས་མ་ལག་གསར་སྤེལ་དང་འཐུས་སྒོ་ཚང་དུ་བཏང་ནས་སློབ་སྦྱོང་གི་ཕན་འབྲས་ཆེ་རུ་བཏང་བ། ཕྱོགས་མང་དང་འབད་འཐབ་བྱས་པ་བརྒྱུད་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གིས2014ལོར་དྲ་ཐོག་ཡིག་རྒྱུགས་མ་ལག་གསར་སྤེལ་བྱས་པ་རེད། དེས་དྲ་རྒྱའི་བར་མཐོངས་ཡང་པོ་སྤྱད་དེ་དུས་དང་རྣམ་པ་ཀུན་ཏུ་སློབ་མར་ཡིག་རྒྱུགས་གཏོང་བ་མ་ཟད། གྲངས་གཞིའི་མཛོད་ཀྱི་ལག་རྩལ་ཡང་སྤྱད་སྟབས་སྲོལ་རྒྱུན་ཡིག་རྒྱུགས་ཀྱི་བརྒྱུད་རིམ་ལས་ཧ་ཅང་སྟབས་བདེ་རུ་སོང་ཡོད། འཚོལ་ཞིབ་དང་། བེད་སྤྱོད། བཅོས་སྒྲིག་བཅས་ཟམ་མི་ཆད་པ་བྱས་པ་བརྒྱུད་དྲ་ཐོག་གི་ཡིག་རྒྱུགས་མ་ལག་གི་ལག་རྩལ་ཡང་རིམ་བཞིན་བྱང་ཆུབ་པར་གྱུར་ནས་ཕྱོགས་བསྡུས་སློབ་ཚན་གྱི་ཚོད་ལྟའི་ཡིག་རྒྱུགས་མཛོད་ཁྱོན་ཡོངས་ནས་འཛུགས་ཐུབ་ཡོད། མིག་སྔར་དྲ་ཐོག་ཡིག་རྒྱུགས་མ་ལག་ཉིན་མཚན་མེད་པར་སྤྱོད་རྒྱུ་ཡོད་པས་སློབ་གྲྭའི་ཕྱི་ནང་གང་དུའང་ལྟ་ཆོག ལོ་རིམ་གསུམ་པ་ནས་དྲུག་པའི་བར་གྱི་སློབ་མས་མ་ལག་ནང་འཛུལ་ནས་སྦྱོང་བརྡར་བྱ་ཆོག་པས་སློབ་སྦྱོང་གི་ཕན་འབྲས་ཆེ་རུ་ཕྱིན་ཡོད།
        “འབྱུང་འགྱུར་སློབ་ཁང”བཏོད་དེ་སློབ་མའི་སྤྲོ་སེམས་འཕེལ་བར་བྱས་པ། “འབྱུང་འགྱུར་སློབ་ཁང”གི་མ་ལག་སྤྱད་པས་སློབ་གྲྭའི་སློབ་ཁྲིད་རྣམ་པ་དང་། སློབ་ཁྲིད་བྱེད་ཐབས། སློབ་ཁྲིད་ནང་དོན་བཅས་གསར་གཏོད་ལ་ཕན་པ་ཐོགས་ཡོད། དགེ་རྒན་གྱིས“འབྱུང་འགྱུར་སློབ་ཁང”གི་ཚོད་འཛིན་ལས་སྟེགས་གཙོ་བོའམ་ཡང་ན་གློག་ཀླད་ཀྱི་མཐའ་སྣེར་བརྟེན་ཏེ་སློབ་ཚན་གྱི་ཐོན་ཁུངས་སོགས“འབྱུང་འགྱུར་སློབ་ཁང”གི་སློབ་ཁྲིད་ལས་སྟེགས་དང་སློབ་མའིipadལ་བརྒྱུད་སྐུར་བྱ་ཆོག དེ་དང་དུས་མཚུངས་སློབ་ཚན་གྱི་གྲོས་བསྡུར་བྱས་འབྲས་བརྙན་ཤེལ་དུ་བསྟན་ནས་ཚང་མས་སློབ་སྦྱོང་དང་གྲོས་བསྡུར་བྱ་ཆོག་པས། སློབ་མའི་སྤྲོ་སེམས་འཕེལ་བ་མ་ཟད། སློབ་སྦྱོང་བྱེད་པའི་ཧུར་སེམས་དང་རང་འགུལ་ཆེ་རུ་ཕྱིན་པ་དང་སློབ་མའི་མཐོང་རྒྱ་ཡང་ཆེ་རུ་ཕྱིན་ཡོད། སློབ་ཁྲིད་ཀྱང་སྔོན་ཆད་སློབ་ཁང་ཁོ་ན་ནས་ད་ཆ་བར་མཐོངས་དེ་བས་ཡངས་པའི་དྲ་རྒྱའི་སློབ་ཁྲིད་དུ་གྱུར་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1