ཨ་འཁྱམ་དུ་ཤོག་དྲུག་རྒྱལ་མོའི་དུས་སྟོན་བསུས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-07


        ཟླ་2པའི་ཚེས་27ཉིན་ནི་རྔ་བ་རྫོང་ཨ་འཁྱམ་ཤོག་དྲུག་གིས་གཞི་བདག་རྒྱལ་མོར་བསང་མཆོད་གཏོང་བའི་ཉིན་བཟང་སྐལ་བཟང་གི་ཤོག་དྲུག་རྒྱལ་མོའི་དུས་སྟོན་ཡིན། ཉིན་དེར་ཉི་མ་ཤར་ལྷོ་སྒང་དྲུག་ནས་ཡོང་བའི་ཡུལ་མི་དག་ལྷན་དུ་འཛོམས་ནས་སྲོལ་རྒྱུན་གྱི་མཆོད་སྦྱིན་དུས་སྟོན་དེ་རོལ། ཁོ་ཚོས་ཆོས་འདོན་པ་དང་ལྷ་བསང་བཏོང་བ། ལབ་རྩེ་འཛུགས་པ་སོགས་ལ་བརྟེན་ནས་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་འཕེལ་བ། མི་ལ་ཚེ་རིང་ནད་མེད་ཡོང་བར་ཁ་འབོད་དང་སྨོན་འདུན་ཞུས་པ་རེད། 

     རྒྱུས་ལོན་པ་ལྟར་ན། དུས་ཡུན་ཉིན་གསུམ་རིང་གི་མཆོད་སྦྱིན་དུས་སྟོན་འདིར་ཡུལ་མི་ཚོས་སྐོར་བྲོ་འཁྲབ་པ་དང་རྟ་ཕོའི་བང་རྩལ་འགྲན་པ། རིག་རྩལ་འཁྲབ་སྟོན་སོགས་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་ལྡན་པའི་ལུས་རྩལ་དང་རིག་རྩལ་བྱེད་སྒོ་སྤེལ་ནས། མང་ཚོགས་ཀྱི་ནང་སེམས་ཀྱི་ལོངས་སྤྱོད་དགའ་བདེའི་དཔལ་ལ་རོལ་འགྲོ་བ་རེད།

      ཨ་འཁྱམ་ཤོག་དྲུག་གི་གཞི་བདག་རྒྱལ་མོར་བསང་མཆོད་ཀྱི་དུས་སྟོན་ནི་ཡུལ་དེའི་དམངས་ཁྲོད་དུ་དར་ཁྱབ་ཏུ་སོང་བའི་གཏམ་རྒྱུད་ཅིག་ལས་བྱུང་བ་ཡིན། དེ་ནི་དུས་རབས་ཉི་ཤུ་བའི་མགོར། རྔ་བར་བུད་མེད་ཤོག་ཁག་ཅིག་ཡོད་ལ། དེའི་དཔོན་པོའི་མིང་ལ་ཚེ་སྐྱིད་སྒྲོལ་མ་ཞེས་འབོད། དཔོན་མོ་དེས་ཡུལ་དེའི་ཤོག་ཁག་དྲུག་པོ་དབང་དུ་བསྡུས་ཤིང་མངའ་བསྒྱུར་བས་ཤོག་དྲུག་རྒྱལ་མོ་ཞེས་འབོད། དཔོན་མོ་ཚེ་ལས་འདས་རྗེས། བློན་ཆེན་གྱིས་མོའི་ཁ་ཆེམས་དང་དུ་མ་བླངས་པས་བདུད་འདྲེ་རུ་སྤྲུལ་ཏེ་བློན་པོ་འཁོར་བཅས་དང་འབངས་མི་སེར་ལ་གནོད་བསྐྱལ་བ་རེད། སྐབས་དེར། བླ་མ་ནམ་མཁའ་བློ་ལྡན་གྱིས་ཤོག་དྲུག་རྒྱལ་མོས་འབངས་མི་སེར་ལ་གནོད་སྐྱེལ་བ་ཐུགས་ནས་བཟོད་མ་ཚུགས་པར་གཞི་བདག་ལ་དམ་དུ་བཏགས། དུས་དེ་ནས་བཟུང་། ལོ་རེའི་ཧོར་ཟླ་གཉིས་པའི་ཚེས་གཅིག་ནས་གསུམ་བར་ནི་ཤོག་དྲུག་རྒྱལ་མོར་མཆོད་སྦྱིན་གཏོང་བའི་དུས་སྟོན་དུ་གཏན་ལ་ཕབ་སྟེ། ལོ་རེ་བཞིན་ཤོག་དྲུག་རྒྱལ་མོར་མཆོད་སྦྱིན་དང་བསང་མཆོད་བཏང་ནས། ལོ་དེར་ཡུལ་ཁམས་ཀུན་ལ་བཀྲ་ཤིས་ཤིང་ཞིང་ཁམས་སུ་ལོ་ལེགས་ཡོང་བར་ཁ་འབོད་དང་སྨོན་འདུན་ཞུ་བའི་སྲོལ་ཆགས་པ་རེད། ཤོག་དྲུག་རྒྱལ་མོའི་དུས་སྟོན་ཡང་དེ་ལྟར་བྱུང་བ་རེད།།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1