༄༅།། མདོ་ཁམས་གནས་མཆོག་ཡང་ལེ་ཤོད་ཀྱི་ལོ་རྒྱུས་མདོར་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-08



        དེ་ལ་འདིར་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་རླབས་པོ་ཆེས་བོད་གངས་རིའི་ལྗོངས་སུ་རྒྱལ་བསྟན་གྱི་ཉི་འོད་ཁྱབ་པར་མཛད་པར་མ་ཟད་རི་བྲག་མཚོ་གསུམ་སོགས་ལའང་མཁའ་སྤྱོད་ཀྱི་གནས་དང་ཁྱད་པར་མེད་པ་མཛད་པར་གསུངས་པ་ནི་སྡེ་དྲུག་གནས་ཡིག་སྐོར་གསུམ་ལས།"ཨོ་རྒྱན་ཆེན་པོའི་འདི་སྐད་གསུངས༔ཨ་ཧོ་མཁའ་སྤྱོད་ཞིང་ཁམས་རྣམས༔ས་ལ་འཕོས་པ་རྒྱ་གར་ཡུལ༔ཡན་ལག་ཙམ་ཞིག་བོད་དུ་སྣང་༔དེ་བས་བོད་དུ་གྲུབ་ཐོབ་ཉུང༔དེ་ཕྱིར་པདྨ་བདག་ཉིད་ཀྱིས༔བོད་ཀྱི་ས་གནད་གང་བཟང་དུ༔སྒྲུབ་པ་བྱས་ཤིང་བྱིན་གྱིས་རླབས༔མཁའ་སྤྱོད་ཞིང་དང་རྒྱ་གར་གྱི༔གནས་དང་དུར་ཁྲོད་ལ་བཞུགས་པའི༔རིག་འཛིན་མཁའ་འགྲོའི་ཚོགས་ཐམས་ཅད༔སྤྱན་དྲངས་གནས་མཆོག་སོ་སོར་བསྟིམས༔མཁའ་སྤྱོད་གནས་དང་དབྱེར་མེད་བྱུང༔"སོགས་རྒྱ་ཆེར་གསུངས་ཤིང་གནས་ཆེན་གངས་བྲག་རྣམས་སུ་བྱིན་གྱིས་བརླབས་པར་མ་ཟད་མ་འོངས་པར་བདུད་སྤྲུལ་འབྱུང་དོགས་སུ་དགོངས་ནས་གནས་ཆེན་རྣམས་སུ་གཏེར་གྱི་བསྐོང་པར་མཛད་དོ།།

        དེ་ཡང་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡན་ལག་དང་བཅས་པའི་མདོ་བྱང་ལས"ཤར་ཕྱོགས་ཨ་རིག་ནང་དུ་དཔལ་ཆེན་དགྱེས་པའི་ཕོ་བྲང་ཡང་ལེ་ཤོད་གཉིས་པ"གསུངས་པ་དང་རང་གཏེར་མདོ་བྱང་ལས"རྒྱ་གར་རྒྱ་ནག་བོད་ཡུལ་ལ་སོག་པར།། གནས་ཀྱི་བྱེ་བྲག་བརྗོད་ཀྱི་མི་ལང་ཀྱང་།། ཐུགས་ཀྱི་གནས་གཙོ་བལ་ཡུལ་ཡང་ལེ་ཤོད།།  གཉིས་པ་འདིར་མཆེད་ཁམས་ཀྱི་ཡང་ལེ་ཤོད།།"ཅེས་བསླུ་མེད་རྡོ་རྗེའི་ལུང་གིས་ཟིན་པའི་གནས་ཆེན་འདི་ནི་བལ་ཡུལ་ཡང་ལེ་ཤོད་གཉིས་པ་གངས་ལྗོངས་མདོ་ཁམས་ཡང་ལེ་ཤོད་ཡིན་ལ་སློབ་དཔོན་འཁོར་བཅས་ཞབས་མངོན་སུམ་དུ་བཅགས་ནས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་སྐབས་དབང་ཕྱུགས་ཉེར་བརྒྱད་ཀྱི་གཙོ་མོ་སྲིན་མོ་གཡག་གདོང་མ་དམ་ལ་བཏགས་པའི་ཤུལ་རྗེས་ངོ་མཚར་འབར་བ་ད་ལྟ་མངོན་སུམ་མིག་ལམ་དུ་ཡོད་པ་འདིའོ།། དེ་རྗེས་རྗེ་འབངས་རྣམས་དང་སློབ་མའི་གཙོ་བོ་སྣ་ནམ་རྡོ་རྗེ་བདུད་འཇོམས་སོགས་སློབ་ཚོགས་མང་པོར་ཕུར་པ་དང་ཡང་དག་གི་སྒྲུབ་པ་བསྒྲུབས་པས་ཕུར་པ་ལས་འོད་ཟེར་འཕྲོ་བ་དང་། ལས་ཕུར་བཞེད་པས་བྲོ་གར་འཁྲབ་པ་མངོན་སྤྱོད་ཀྱི་ལས་མཛད་པ་སོགས་རྟགས་བྱུང་ཞིང་མཐར་ཡང་དག་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཞལ་གཟིགས་དངོས་གྲུབ་བརྙེས་པས་སྐུ་ཟང་ཐལ་དུ་བྱོན། གུ་རུ་ཡབ་ཡུམ་རྣམས་ཀྱང་ཡུན་རིང་དུ་བཞུགས་ཤིང་གནས་དེར་བལ་ཡུལ་གྱི་ཡང་ལེ་ཤོད་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པས་བྲག་ངོས་རྣམས་སུ་སྐུ་དང་ཡིག་འབྲུ་ཕྱག་མཚན་སོགས་རང་བྱོན་མང་པོ་ད་ལྟ་ཡང་མཇལ་རྒྱུ་ཡོད་པ་ལགས་སོ།།

        སྒྲུབ་ཕུག་ཁྱོན་བསྡོམས་ན་བཅོ་ལྔ་ཙམ་ཡོད་ཅིང་སྟེང་ཁོང་གུ་རུའི་ཡང་དག་ཕུག་པ་ཆེན་མོ་ནི་ལས་བཞི་ལྷུན་གྲུབ་གྱི་ཚུལ་དུ་ཡོད་ཅིང་གུ་རུ་རིན་པོ་ཆེས་ཡང་དག་དཀྱིལ་འཁོར་ཆེན་མོ་ཞལ་ཕྱེ་ས་དང་ཚོགས་ཀྱི་དགའ་སྟོན་ལ་རོལ་ས་ཡིན། དེའི་གཡས་ཕྱོགས་སུ་མཚོ་རྒྱལ་གསང་ཕུག་ཅེས་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཕུག་ཅིག་ཡོད། གུ་རུ་ཡབ་ཡུམ་བཞུགས་ཁྲི་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས་སྐུ་ཟང་ཐལ་ཏུ་བྱོན་པའི་ཤུལ་སོགས་རང་བྱུང་ངོ་ཚར་ཅན་མང་པོ་ཡོད། གཡོན་ཕྱོགས་ནས་མར་ཅུང་ཟད་བབས་པ་ན་གུ་རུ་རྗེ་འབངས་འདུས་པའི་སྒྲུབ་ཕུག་ཧ་ཅང་ཆེ་ལ་ཟླ་གམ་ཕུག་ཡང་ཟེར།  དེའི་ནང་གུ་རུ་གཙོ་འཁོར་གྱི་སྐུ་བཞེངས་ཡོད་པ་ད་ལྟ་ཡང་མཇལ་རྒྱུ་ཡོད་ལ་འདི་དང་ཐོག་ཀཿཐོག་རིག་འཛིན་ཀློང་གསལ་སྙིང་པོའི་ཕྱག་བཟོས་ཡིན།  སྟེང་ཁོང་ན་ཀུན་ཏུ་བཟང་པོ་ལོ་བརྒྱད་ན་ཚོད་ཅན་ཞིག་རབ་ཏུ་གསལ་བ་དང་། གཡས་ཕྱོགས་སུ་གནམ་ལྕགས་རྡོ་རྗེ་རྭ་གདེང་བའི་ཚུལ་དང་ཤེལ་གྱི་བྱང་ཆུབ་མཆོད་རྟེན་སོགས་ཡོད་པ་གནས་ཡིག་ཏུ་འཁོད་ཡོད་དོ།། དེའི་འོག་དུ་སྒྲུབ་ཕུག་ཟུར་བཞི་ཅན་ཞིག་ཡོད་པས་བེེ་རོ་ཙ་ནའི་སྒྲུབ་ཕུག་ཡིན་པར་གྲགས།གཡོན་ཟུར་གྱི་སྒྲུབ་ཕུག་དེའི་ནང་ངོ་མཚར་རབ་ཏུ་འབར་བའི་གུ་རུ་རིན་པོ་ཆེའི་སྐུ་རང་བྱོན་ཏུ་ཡོད་ལ་དེའི་འོག་ཞབས་རྗེས་སོགས་མཇལ་རྒྱུ་ཡོད་པར་མ་ཟད་རིག་པ་འཛིན་པའི་རྣལ་འབྱོར་པ་མང་པོ་བཞུགས་ཤིང་བསྒྲུབས་པ་མཛད་པ་ཡིན་ནོ།། འོག་ཏུ་ནམ་མཁའི་སྙིང་པོ་དང་རྡོ་རྗེ་བདུད་འཇོམས་སོགས་ཀྱི་སྒྲུབ་ཕུག་ཡོད་ལ་སྐུ་རྟགས་ཕྱག་མཚན་སོགས་ཀྱི་རང་བྱོན་ཧ་ཅང་མང་ངོ་།།

        གཏེར་ཆེན་པདྨ་བདེ་ཆེན་གླིང་ལས་བྲག་ལ་བྲིས་པའི་ཨེ་ཡིག་རང་བྱོན་དམ་སྲིར་གཞུས་པའི་ལྕག་ཚན་གྱི་རང་བྱོན་ཡོད་དོ།།དེའི་མདུན་ཐང་ཏུ་བདུད་སྲིན་འདུས་པའི་རི་བོ་ཕུར་སོ་གྱེན་བསྟེན་ཏུ་ཡོད་དེའི་འོག་ཏུ་སློབ་དཔོན་ཆེན་པོའི་རྡོ་རྗེ་ཕུར་པས་བསྣུན་པའི་རྗེས་ཧ་ཅང་གསལ་ལ་མ་མོ་རོལ་པའི་གནས་སུ་བྱིན་རླབས་མཛད་དོ།།  གནས་འདིའི་ཡན་ལག་ཤར་ཕྱོགས་དབང་ཆེན་རྟ་མགྲིན་གསུང་གི་གནས་རྟ་ཆེན་སུ་ར་དང་།ལྷོ་ཕྱོགས་བདེ་མཆོག་འཁོར་ལོ་ཡོན་ཏན་གྱི་གནས་དང་ནུབ་ཕྱོགས་འཇམ་དཔལ་གཤིན་རྗེ་སྐུ་ཡི་གནས།  བྱང་ཕྱོགས་རྡོ་རྗེ་གཏུམ་པོ་ཕྲིན་ལས་ཀྱི་གནས། ཤར་ལྷོ་ཐུགས་རྗེ་ཆེན་པོ་དང་ལྷོ་ནུབ་ཏུ་འཇམ་དཔལ་གྱི་གནས་ནུབ་བྱང་མཁའ་སྤྱོད་བྱང་ཤར་སྨན་བླའི་གནས་ཡོད་སོགས་ཡོད་པར་གསུངས་སོ།།

        གནས་སྐོར་གྱི་ཕན་ཡོན་ནི། གནས་ཡིག་ལས། རྩ་བ་ཡན་ལག་ལན་གཅིག་བསྐོར་བྱས་ན༔ ཡི་གེ་བརྒྱ་པ་དུང་ཕྱུར་བདུན་ཐོབ་འགྱུར༔གཙོ་བོ་བྱེ་ཆེན་རིགས་བཞི་བྱེ་ཆུང་ཏེ༔ གནས་ཕྲན་བཞི་པོ་འབུམ་ཕྲག་ཕན་ཡོན་ཐོབ༔ ཅེས་གསུངས།ཡོས་ལོ་ནམ་ཤར་ལ་འདུ་བ་ཆེན་པོ་ཡིན་པ་དང་རྩ་བ་ཡན་ལག་རྣམས་གང་བསྐོར་རུང་ཚོགས་མཆོད་འབུལ་བ་ཕྱག་བྱ་བ་གསོལ་འདེབས་དད་མོས་བསྐུར་བསྟི་སོགས་གང་བྱས་ཀྱང་ཕན་ཡོན་ཆེན་པོ་ཡོད་པ་ཡིན་ཏེ།གང་ཞིག་འདུན་ན་ཡིད་བྱེད་པ།། དེ་ཡི་མདུན་ན་ཐུབ་པ་བཞུགས།། དབང་བསྐུར་བྱིན་གྱིས་བརླབ་པར་འགྱུར་ཞེས་སོ།།སྤྱིར་ན་ཡེ་ནས་སྣོད་བཅུད་ཐམས་ཅད་དག་པ་ཀ་དག་གི་རང་བཞིན་ཡིན་ལ་ཀུན་ཁྱབ་ཕྱོགས་མེད་དུ་གདལ་བ་ལ་རིས་སུ་མ་ཆད་མོད། ཀུན་བརྟག་གཞན་དབང་དུ་གྱུར་པའི་དབང་བཙན་དུ་སོང་བས་གཉིས་སྣང་གིས་དག་དང་མ་དག་པའི་གཟུང་འཛིན་སེམས་ཀྱི་འཁྲུལ་རྟོགས་འདི་འདུལ་བར་ཐབས་མཁས་ལ་ཐུགས་རྗེ་དང་ལྡན་པས་མ་དག་བློ་ངན་བསྒྱུར་བའི་ཕྱིར་དུ་རྟེན་དག་པའི་ཞིང་ཁམས་སུ་སྣང་བར་མཛད་པ་ཡིན་པས་དད་གུས་བྱ་རིགས་སོ།།


ཁམས་པའི་འཛུམ་རིས༼ དཔལ་ཡུལ་གྱི་དམངས་སྲོལ་རིག་གནས༽ཆེད་བསྒྲིགས་ལས་དྲངས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1