པེ་ཅིང་ནས་ཡུལ་ཤུལ་བར་གྱི་གནམ་གྲུ་གཏོང་འགོ་ཚུགས་པ།

ཁོན་ཐར་འཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ། སྤེལ་དུས། 03-21


        ཟླ3པའི་ཚེས18གྱི་དགོང་མོའི་ཆུ་ཚོད19ཐོག པེ་ཅིང་གི་རྒྱལ་སའི་མཁའ་འགྲུལ་ཀུང་སིའི་གནམ་གྲུJD5207ཐོག་མར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་གནམ་གྲུ་ཐང་ལ་བབས་པ་དང་། དེ་ནི་པེ་ཅིང་ནས་ཡུལ་ཤུལ་བར་དུ་གནམ་གྲུ་ཤར་གཏོང་དང་། རྒྱལ་ས་ནས་ཐད་ཀར་མཐོ་སྒང་གི་ཡན་ལག་གནམ་གྲུ་ཐང་ལ་ཤར་གཏོང་བྱས་པའི་གནམ་གྲུ་ཐོག་མ་རེད།
   ཡུལ་ཤུལ་འབའ་ཐང་གནམ་གྲུ་ཐང་ནི2009ལོར་ཤར་གཏོང་བྱས་པ་ཡིན་ཞིང་། དེ་ཚུན་ལ་ཟི་ལིང་དང་ཞི་ཨན། ཁྲེང་ཏུའུ། ལྷ་ས་བཅས་བར་གྱི་གནམ་གྲུ་སྔ་གཞུག་ཏུ་ཤར་གཏོང་བྱས་ནས་ལོ་རེར་ཕར་སྐྱེལ་ཚུར་འདྲེན་གྱི་ཡུལ་སྐོར་བ་ཆ་སྙོམས་ཀྱིས་16.25%ཇེ་མང་དུ་སོང་། ཏག་ཏག་2016ལོ་ཁོ་ནར་འབའ་ཐང་གནམ་གྲུ་ཐང་གིས་སྐུ་མགྲོན་ཁྲི20སྐྱེལ་འདྲེན་བྱས་ནས་མཚོ་བོད་མཐོ་སྒང་དང་ཁམས་ཁུལ་གྱི་ཡན་ལག་གནམ་གྲུ་གལ་ཆེན་དུ་གྱུར།
  ན་ནིང་ནས་བཟུང་ཡུལ་ཤུལ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་དང་མཚོ་སྔོན་གནམ་གྲུ་འབབ་ཐང་ཚད་ཡོད་ཀུང་སི་གཉིས་ནས་དམངས་སྤྱོད་མཁའ་འགྲུལ་གྱི་ས་ཁུལ་དོ་དམ་ཅུས་དང་། མཁའ་འགྲུལ་ཀུང་སི་སོགས་སུ་ཐེངས་དུ་མར་བསྐྱོད་དེ་གནམ་གྲུ་འབབ་ཐང་གསར་སྣོན་དང་གནམ་གྲུ་ཁ་སྣོན་གྱི་རེ་མོས་ཡང་ཡང་ཞུས་པ་ལ་རྒྱལ་སའི་མཁའ་འགྲུལ་གྱིས་རྒྱབ་སྐྱོར་ཐོབ་ཅིང་། ཕྱོགས་གསུམ་པའི་ཐུན་མོང་གི་འབད་པ་བརྒྱུད་རྒྱལ་སའི་མཁའ་འགྲུལ་ཀུང་སིའི་ཐོག་མར་ཡུལ་ཤུལ་བར་གནམ་གྲུ་ཤར་གཏོང་བྱེད་རྒྱུ་ལམ་ལྷུང་བྱུང་།
  ཤེས་གསལ་ལྟར་ན། པེ་ཅིང་ནས་ཟི་ལིང་དང་། ཟི་ལིང་ནས་ཡུལ་ཤུལ་བར་གྱི་མཁའ་ལམ་ནི་རྒྱལ་སའི་མཁའ་འགྲུལ་གྱིས་ཁག་འགན་དུ་བླངས་ནས་གནམ་གྲུ A319 རྟགས་ཅན་ཏེ། པེ་ཅིང་ནས་ཡུལ་ཤུར་བར་གནམ་གྲུ JD5207དང་། ཡུལ་ཤུལ་ནས་པེ་ཅིང་བར་ JD5208ཤར་གཏོང་བྱེད་རྒྱུ་དང་། དེ་ཟླ3པའི་ཚེས18ཉིན་དངོས་སུ་གཏང་འགོ་བརྩམས། མཁའ་ལམ་འདིས་ཡུལ་ཤུལ་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟ་དང་། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་ཀྱི་ཤུལ་བཞག་མིང་ཐོར་རེ་ཞུ། བོད་ཁུལ་གྱི་རིག་གནས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བཅས་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་མ་ཟད། ཡུལ་ཤུལ་ས་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་གོང་སྤེལ་ལ་སྐུལ་འདེད་དང་གནད་འཁེལ་དབུལ་སྐྱོར་ལག་བསྟར། རིག་གནས་དང་ཡུལ་སྐོར་མཉམ་སྤེལ་བཅས་ལ་འགན་སྲུང་མཁོ་འདོན་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1