༄༅།། ཇ་ནག་འུག་དང་དར་མདོ།

ལྟག་ཨོ་རྒྱན་ཆོས་འཕེལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-21


གནའ་གྲོང་དར་རྩེ་མདོ།
        བོད་ཇ་ནི་གཙོ་བོ་གཡག་རྔ་ས་ཁུལ་གྱི་རྫོང་ཁག་ལྔ་ཙམ་ནས་ཁམས་དར་རྩེ་མདོ་བརྒྱུད་དེ་བོད་ཀྱི་ས་ཁུལ་ཁག་ཏུ་འདྲེན་པའི་ཇ་ལ་གོ་དགོས་ཤིང་། འདི་ནས་དར་བའི་ཇ་ལ་གནའ་མིས་ཇ་ནག་འུག་ཅེས་འབོད། ཇ་ནག་འུག་འདི་གཡག་རྔའི་ས་ཁུལ་གྱི་ཇ་ཕྱི་འདྲེན་དང་ནང་འདྲེན་གཉིས་ཡོད་པའི་ནང་ནས་ཕྱི་འདྲེན་དེ་ཡིན། ཕྱི་འདྲེན་ཅན་གྱི་ཇ་དེ་ཇ་ལོ་ཆེ་བའི་རིགས་ཁོ་ན་ཡིན། བཟོ་སྟངས་ཐད་དུ་ཇ་བག་ཆེན་བག་ཆུང་དུ་བཅད། མིང་ལ་ཇ་བག་ཁག་ཅེས་འབོད། ཇ་ནང་འདྲེན་མང་ཤོས་དེ་ཇ་ལོ་རྩེ་མོའི་རིགས་དང་མེ་ཏོག་ཇ་དེ་ཡིན། དེ་དག་ནི་རྒྱ་ནག་ནང་ས་རུ་ཐད་ཀར་ཚོང་གཉེར་བྱེད་པས། ཇ་མང་ཤོས་དེ་བག་ཁག་ལྟར་མིན་པའི་ཇ་ཞིབ་མ་ཅན་དེ་ཡིན།

        

ཇ་ར་ནས་ཇ་བཟོ་བཞིན་པ།


ཇ་ལོ་ཁུག་མ་རུ་བླུགས་ཏེ་ཤུགས་ཀྱིས་བཙིར་བ།


བཟོས་ཟིན་པའི་ཇ་ལོ།

        ཁམས་དར་རྩེ་མདོ་ནས་བོད་ཡུལ་དུ་འདྲེན་པའི་ཇ་ལམ་ལ་ལྷོ་ལམ་དང་བྱང་ལམ་གཉིས་ཡོད། ལྷོ་ལམ་དེ་ཉག་ཆུ་ནས་ལི་ཐང་དང་། འབའ་ཐང་། སྨར་ཁམས་དང་། ཆབ་མདོ་བརྒྱུད་ལྷ་ལྡན་དུ། བྱང་ལམ་ནི་མགར་ཐར་ནས་རྟའུ་དང་། བྲག་འགོ་དང་། དཀར་མཛེས་ནས་ཆབ་མདོ་བརྒྱུད་ལྷ་ལྡན་དུ། གཞན་གཡག་རྔའི་ཇ་དེ་ཟུང་ཆུ་དང་རྔ་བ་བརྒྱུད་པའི་ཇ་ལམ་ཞིག་ཡོད། ཡུལ་དེ་དག་གིས་ཇ་འདི་ལ་རྟ་ཇ་ཞེས་མིང་འདོགས་ཡོད། ལམ་ཀ་འདི་དག་ལ་ཇ་ལམ་དང་ཡང་ན་རྟ་ཇ་ཚོང་ལམ་ཞེས་སྐད་གྲགས་ཆེ། དེང་སང་ཇ་ལམ་མང་བ་ཞིག་རླངས་འཁོར་གྱིས་བཀབ་ཟིན་ནའང་། ཇ་ལམ་རྙིང་པ་མང་བ་ཞིག་ད་རུང་མཐོ་སྒང་རི་ཀླུང་གི་ཁྲོད་དུ་མཐོང་ཐུབ་པར་ཡོད།

གཡག་རྔ་ནས་ཇ་མདོ་གྲོང་དུ་སྐྱེལ་བ།

ཨ་ཇ་ཁ་པས་ཇ་ལ་ཀོ་བཏུམས་རྒྱག་བཞིན་པ། 
༼ པར་འདི་ནི་སྐུ་ཞབས་ཀྲོན་ཞོལ་པཎ་ལགས་ནས1937 ལོར་པར་བླངས།༽

ཇ་དོ་པོ་བརྩེགས་པའི་ཨ་ཇ་ཁ་པའི་ཇ་ར།


མདོ་གྲོང་གི་ཟུར་གཅིག


ཨ་ཇ་ཁ་པས་ཇ་ལ་མཐོ་རྒྱག་བཞིན་པ།


མདོ་གྲོང་ཇ་རའི་ཟུར་གདོང་།


མདོ་གྲོང་ཇ་རའི་རྣམ་པ།


ཇ་ཚོང་པའི་ཇ་དང་རྟ།


ཇ་ལམ་དང་གཡག

        དར་རྩེ་མདོ་ནི་གནའ་ཞིག་ནས་རྒྱ་བོད་གཉིས་ཚོང་འབྲེལ་བྱེད་སའི་ལམ་ཁ་གཙོ་ཤོས་དང་ཚོང་ར་ཆེ་ཤོས་དེ་ཡིན། ཁྱད་པར་དུ་ཇ་ཡི་ཚོང་གཉེར་བྱེད་སའི་ལྟེ་གནས་ལྟ་བུ་ཡིན། སྔར་མདོ་གྲོང་འདིའི་ནང་ཇ་ཡི་ཚོང་གཉེར་གཙོ་བོར་བྱེད་པའི་ཨ་ཇ་ཁ་པའི་ཇ་བདག་བཞི་ཅུ་ཞེ་བརྒྱད་ཡོད། ལོ་རྒྱུས་ཐོག་ཇ་ཡི་ཚོང་ར་ཤིན་ཏུ་རྒྱས་དུས་སུ་ཨ་ཇ་ཁ་པ་བདུན་ཅུ་དོན་གཉིས་ཡོད་པ་གྲགས། ཇ་བདག་འདི་དག་གིས་སོ་སོའི་ནུས་པ་དང་སྟོབས་ཤུགས་ཆེ་ཆུང་ལ་བལྟོས་ཏེ་ཚེ་གང་པོར་ཇ་ཚོང་ཁོ་ན་བྱེད། དེའི་ཕྱིར་གྲོང་པའི་མིང་ལའང་ཇ་དར་རྩེ་མདོ་དང་ཇ་གྲོང་དང་། ཇ་ཡུལ་ཞེས་གྲགས། དར་རྩེ་མདོ་དེ་ཇ་ལམ་རིང་མོའི་འབྱུང་ཁུངས་བཞིན་བོད་ཡུལ་ཕྱོགས་ཡོངས་སུ་ཁྱབ་པའི་ཇ་དེ་ཡུལ་འདི་ནས་འདྲེན། ཁ་རྒྱུན་དུ་དར་མདོ་མ་ཆགས་དར་མདོ་ཆགས། དར་མདོ་རི་གསུམ་བར་ན་ཆགས་ཡོད་ཅེས་གསུངས། རི་གསུམ་འདི་མགོན་པོ་རི་དང་གཟི་རི་དང་། གདན་ཐོག་བཅས་རིགས་གསུམ་མགོན་པོ་མཚོན། ལྷག་ཏུ་འབྱུང་རྩིས་དང་ས་དཔྱད་ལས་རི་གསུམ་འདི་སྤར་ཁ་ལི་མེ་ལ་འཕྲད་ཡོད་ཅིང་། གཞན་དར་མདོའི་རི་གསུམ་འདི་ཇ་ཡུལ་གྱི་ཐབ་རྡོ་གསུམ་ལ་ངོས་འཛིན། དེའི་ཕྱིར་མདོ་གྲོང་ལ་ཐབ་ཀྱི་གྲོང་ཁྱེར་ཡང་ཟེར། རྒྱུན་དུ་བབས་པའི་བཞག་བྲའི་ཆུ་དང་མདོ་ཆུ་དང་། རྒྱུན་དྭངས་ལྷ་ཆུ་བཅས་གསུམ་ཡོད། འདི་གསུམ་ནི་ཚེ་ལྷ་རྣམ་གསུམ་གྱི་ཚེ་ཆུ་ཡིན། མདོ་གྲོང་གི་བཏུང་ཆུ་དེར་གཏེར་ཀའི་རིགས་ཐུན་མིན་ཞིག་མངའ་བས། ཆུ་ལྗིད་པོ་ཅན་གྱི་ཞིག་ཡིན། ཆུ་འདིས་ཇ་བསྐོལ་ན་ཇ་ཡི་ནུས་པ་ཡོད་ཚད་ཕྱིར་སྟོན་ཐུབ་ཅིང་། མིའི་གཟུགས་ཕུང་ལ་ཕན། དེའི་ཕྱིར་སྔར་མི་རྣམས་ནས་དར་མདོའི་ཆུ་ཡག་ཅེས་ཁ་རྒྱུན་དུ་ཡོད། ཇ་ནག་འུག་དེ་འདི་རུ་བསླེབས་པ་དང་ཇ་དང་ཆུ་དང་། ཐབ་རྡོ་དང་མེ་བཅས་ཆ་ཚང་འཛོམས་ཤིང་། དེ་ལས་ཇ་བདག་བཞི་ཅུ་ཞེ་བརྒྱད་ནས་བོད་མི་ཡོངས་ལ་ཇ་བསྐོལ་བའི་ཚུལ་དུ་ཡོད།

ཇ་བག་ཁག
        གནའ་དུས་སུ་ཇ་དར་རྩེ་མདོ་འདི་རྒྱལ་རོང་རྒྱལ་ཁམས་བཅོ་བརྒྱད་ཀྱི་གྲས་ཡིན། དར་མདོ་འདི་རྒྱལ་མོ་དམུ་རྡོའི་ཤར་སྒོ་ལ་ངོས་འཛིན། མིང་ལ་དམུ་སྒོ་ཞེས་གྲགས། ཡུལ་འདི་ནས་རྒྱལ་མོ་དམུ་རྡོ་མཇལ་དུ་འགྲོ་དུས་དང་ཐོག་དམུ་སྒོ་མཚོ་ཡིས་ཁྲུས་ཀྱི་བྱིན་བརླབས་ཞུ་ནས་འགྲོ་དགོས་ཤིང་། སྒྱེད་པུ་མཚོན་པའི་རི་གསུམ་པོ་ཡང་བོན་གྱི་གྲུབ་ཆེན་དག་གི་ངོ་མཚར་བའི་སྒྲུབ་གནས་ཡིན།
མདོ་གྲོང་གི་ལམ།
        སྔར་དར་རྩེ་མདོ་འདི་ཞིའི་ཁམས་ཞིང་ཆེན་གྱི་སྐབས་སུ་རྒྱལ་ཡོངས་སུ་ཚོང་ར་ཆེ་ཤོས་དང་དཔལ་འབྱོར་ཡོང་བབས་ཆེ་ཤོས་ཀྱི་གྲོང་ཁྱེར་གསུམ་གྱི་ཡ་གྱལ་ཡིན། གྲོང་ཁྱེར་གསུམ་ནི་ཧྲང་ཧེ་དང་། ཝུའུ་ཧན་དང་། མདོ་གྲོང་བཅས་ཡིན། དར་མདོའི་ཚོང་རའི་དཔལ་འབྱོར་གྱི་གཞི་མ་དེ་ཇ་ཡིན། ཇ་ཡི་ཚོང་གཉེར་འབོར་འདྲེན་དེ་དེ་དུས་རྒྱལ་ཡོངས་སུ་ཨང་དང་པོའང་ཡིན། དེས་ན་དར་རྩེ་མདོ་རུ་མི་རིགས་མ་གཅིག་པ་དང་ཆོས་ལུགས་མ་གཅིག་པའི་མི་མང་པོ་འཛོམས་ཡོད། དང་ཐོག་འདི་ཚོ་ནི་ཚོང་པ་ཡིན་པ་དང་ཡང་ན་ཚོང་པའི་ལག་གཡོག་ཏུ་ཇ་གྲོང་ལ་ཡོང་མཁན་ཤ་སྟག་ཡིན།

༼པར་རྙིང་འདི་དག་དེ་སྐུ་ཞབས་སོན་མཱིན་ཅིན་ལགས་ནས་སྤྱི་ལོ1939ལོར་པར་འདུག༽


(རྩོམ་འདི་ཁམས་པ་དྲ་བའི་འཕྲིན་སྟེགས་ལས་བཤུས། )



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1