སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་ཁང་གིས་སྒོ་ཕྱེས་གྲབས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་སྲིད་གཞུང་དྲ་བ། སྤེལ་དུས། 03-23


        གསར་འགོད་པས་མཚོ་སྔོན་སྐུ་འབུམ་དགོན་པའི་དོ་དམ་ཨུ་ལྷན་ནས་ཤེས་གསལ་ལྟར་ན། ཉེ་ལམ་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་རྒྱན་ཁང་དེ་ལེགས་འགྲུབ་བྱུང་ནས་ཡུན་རིང་ལ་སྒོ་ཕྱེས་འཆར་འདུག 
  སྐུ་འབུམ་དགོན་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཤིང་རྟའི་སྲོལ་འབྱེད་རྗེ་ཙོང་ཁ་བ་འཁྲུངས་ཡུལ་ཡིན་ཞིང་། དེ་གའི་མར་རྒྱན་དང་ལྡེབས་རིས། གཙགས་དྲུབས་ནི་དགོན་པའི་མཆོག་ཏུ་གྱུར་བའི་སྒྱུ་རྩལ་རྣམ་གསུམ་དུ་གྲགས་པ་ལས་མེ་ཏོག་མཆོད་པ་ནི་རྗེ་ཁོང་ཉིད་ཀྱིས་ལྷ་དང་བླ་མའི་ལུང་བསྟན་བཞིན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་འཛུགས་གནང་བའི་མཚན་མོ་ཞིག་ལ་མནལ་ལམ་དུ་ས་གཞིའི་སྟེང་གི་རྩྭ་དང་རྩི་ཤིང་ཐམས་ཅད་སྒྲོན་མེ་དང་། ཚེར་མ་དང་རྡོ་ཟེགས་ཐམས་ཅད་མེ་ཏོག་ཏུ་གྱུར་བའི་རྨི་ལམ་ངོ་མཚར་བ་ཞིག་རྨིས། ཕྱི་ཉིན། ཁོང་གིས་མནལ་ལམ་དུ་བྱུང་བ་ཇི་བཞིན་འཁོར་རྣམས་ལ་གསོལ་མར་གྱིས་མེ་ཏོག་བཟོ་བར་སྐུལ་ནས་བོད་ཟླ་དང་པོའི་ཚེས་བཅོ་ལྔའི་མཚན་མོར། ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་ཇོ་བོ་ཤཱཀྱ་མུ་ནེ་གཙོ་བྱས་པའི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མེ་ཏོག་མཆོད་པ་ཕུལ་ནས། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་རྒྱས་པའི་སྨོན་ལམ་རྒྱ་ཆེར་བཏབ། དེ་ནས་བཟུང་སྟེ་རི་བོ་དགེ་ལྡན་པའི་དགོན་པ་ཁག་ལ་མེ་ཏོག་མཆོད་པ་འབུལ་བའི་སྲོལ་དར་བ་རེད།
  ཤེས་གསལ་ལྟར་ན། མེ་ཏོག་མཆོད་པའི་བཤམས་ཁང་དེ་ནི་1988ལོར་བསྐྲུན་མོད། སྒྲིག་ཆས་ཆ་རྐྱེན་ཧ་ཅང་ཞན་ལ་ཚ་གདུག་ཆེ་དུས་མར་བཞུ་ནས་བདག་ཉར་ཡག་པོ་བྱེད་དཀའ་བ་རེད། 2013ལོར་སྲིད་གཞུང་ནས་མ་དངུལ་ཁྲི1200དང་དགོན་པ་རང་ནས་མ་དངུལ་སྒོར་1200བསྡུ་རུབ་ཀྱིས་མེ་ཏོག་མཆོད་པའི་བཤམས་ཁང་གསར་བསྐྲུན་མཛད། བཤམས་ཁང་འགྲུབ་རྗེས་དྲོད་ཚད་གོར་ཐིག་མན་གྱི་ཏུའུ་ལྔ་ནས་བརྒྱད་པར་བཏང་ལྷོད་མེད་པར་མེ་ཏོག་མཆོད་པ་ཉར་འཇོག་ཐུབ་པ་རེད།
  2006ལོར་མེ་ཏོག་མཆོད་པ་དེ་རྒྱལ་ཁབ་ཀྱི་ཤུལ་བཞག་རིག་གནས་མིང་ཐོར་བླངས་པ་དང་། 2016ལོར་ཧྥ་རིན་སིའི་ཕ་ལི་གྲོང་ཁྱེར་དང་འཇར་མན་གྱི་ཕོ་ལིན་གྲོང་ཁྱེར་སོགས་སུ་བཤམས་མྱོང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1