《དུས་སྐབས་གསར་པའི་མི་རིགས་ལས་དོན་གྱི་བསམ་གཞིགས》ཀྱི་བོད་འགྱུར་མ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 03-23


         ཉེ་ཆར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས《དུས་སྐབས་གསར་པའི་མི་རིགས་ལས་དོན་གྱི་བསམ་གཞིགས》ཀྱི་བོད་འགྱུར་མ་དཔེ་སྐྲུན་འགྲེམ་སྤེལ་བྱས་ཡོད་པ་དང་། དཔེ་ཆ་དེ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཟུར་པ་དོན་གྲུབ་དབང་འབུམ་མཆོག་གིས་བརྩམས་ཤིང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་བོད་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རེན་ཟླ་བ་ཚེ་རིང་མཆོག་ནས་བོད་ཡིག་ཏུ་བསྒྱུར་གནང་མཛད་པ་ཡིན་འདུག རྒྱུས་ལོན་བྱུང་བར་གཞིགས་ན།《དུས་སྐབས་གསར་པའི་མི་རིགས་ལས་དོན་གྱི་བསམ་གཞིགས》ནི《དུས་སྐབས་གསར་པའི་མི་རིགས་རིག་གནས་ཀྱི་བསམ་གཞིགས》ཞེས་པའི་དཔེ་ཆ་དེ་ཉིད་དཔེ་སྐྲུན་བྱས་རྗེས་སླར་ཡང་ཟླ་བ་ཚེ་རིང་ཉིད་ནས་ཡིག་བསྒྱུར་མཛད་པའི་དཔེ་ཆ་གཞན་ཞིག་ཡིན་ཞིང་། དཔེ་ཆ་དེ་གཉིས“གཅེན་གཅུང”གི་ལུས་སུ་གྲུབ་ཡོད་ཅེས་བརྗོད་ཆོག དཔེ་ཆ་དེ་ནི《མི་རིགས་ལས་དོན་གྱི་བྱེད་ཐབས》དང་།《བློ་བརྟན་འགྱུར་མེད་ངང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་སེལ་བའི་ཡང་དག་གི་ལམ་བུར་བསྐྱོད》《བདེན་ཐུབ་ཀྱིས་ཀྲུང་ཧྭ་རིག་གནས་ཀྱི་ཐུན་མོང་འདུ་ཤེས་གོང་མཐོར་གཏོང་བ》《མི་རིགས་ཁག་གི་ཐུན་མོང་གི་བསམ་བློའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པ》《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་གནད་དོན་གྱི་ལམ་བུར་མདུན་སྐྱོད་བྱེད་པ》《“བློ་གདེང་གསུམ”ལེགས་འཛུགས་ཀྱིས་མི་རིགས་ལས་དོན་ལེགས་པོ་སྤེལ་བ》《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་རིག་རྩལ་ལམ་བུར་བསྐྱོད་པ》སོགས་འབྲེལ་ཡོད་ནང་དོན་གྱིས་གྲུབ་པར་བྱས་པ་དང་། དེ་ནི་རྩོམ་པ་པོས་མི་རིགས་ལས་དོན་ལ་ཐུགས་ཁུར་ཟབ་བཞེས་དང་། ཁོང་ཉིད་ཀྱི་བསམ་གཞིགས་དང་མྱོང་བ་མཚོན་ཡོད། 
དེབ་འདིའི་རྩོམ་པ་པོ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པ་དོན་གྲུབ་དབང་འབུམ་མཆོག
        དོན་གྲུབ་དབང་འབུམ་མཆོག་གི་བཞེད་ཚུལ་ལྟར་ན། མི་རིགས་ཀྱི་ལས་དོན་ལེགས་པོ་བསྒྲུབ་པར་ངེས་པར་དུ་སྔ་བར་ཕྱི་གསུམ་དུ་བསམ་བློའི་གཞུང་ལུགས་དང་ལས་ཀའི་བྱེད་ཕྱོགས་གཉིས་ཀྱི་གནད་དོན་ལ་མཐོང་ཆེན་བྱེད་དགོས་ཤིང་། བསམ་བློའི་གཞུང་ལུགས་ཐོག་ནས་ཆོས་ཉིད་ལ་ངེས་ཤེས་འདྲོང་དགོས་ཏེ། ཆོས་ཉིད་ལ་ངེས་ཤེས་འདྲོང་ཚེ། ད་གཟོད་གཏིང་རིང་ཐུང་རྟོགས་པ། གོ་བབ་དང་གནས་སྟངས་ཤེས་པ། དུས་རིམ་གྱི་ཚད་ལོན་པ། དུས་བབ་ལ་བསྟུན་ནུས་པ། དེ་བས་ཀྱང་རང་གི་རང་ལ་ཉམས་ཚོད་ཟིན་ནུས་པ་ཡིན་ཞིང་། ཉམས་ཚོད་ནི་དགོངས་པ་གཤའ་མ་ཞིག་ལས་སྐྱེད་པ་ཡིན་པས། དེ་ལྟའི་ལྟ་དགོངས་ཤིག་མེད་ཚེ། བསམ་སྦྱོར་གང་ཡང་རྒྱུན་མི་འཁྱོང་པ་ཡིན་ལ། དེ་བས“ཆར་རླུང་ཅི་ལྟར་རྒོད་ཀྱང་།། རྒྱལ་ཁའི་གོམ་ཁ་བརྟན་ཡོང་།།”ཞེས་པའི་གཏམ་དཔེ་མངོན་དུ་འགྱུར་མི་ཐུབ་པ་ཡིན། དེ་དང་དུས་མཚུངས་གཞུང་ལུགས་ཁག་ཚགས་སུ་ཚུད་དགོས་པ་སྟེ། གཞུང་ལུགས་ཐོག་ཏུ་ནར་སོན་པ་ནི་ཆབ་སྲིད་ཀྱི་ཐོག་ཏུ་ནར་སོན་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། བློ་མཐུན་མང་པོས་ལས་དོན་འདི་དང་དེ་ཞེས་གང་ཡང་བསྒྲུབ་མྱོང་མོད། གཞུང་ལུགས་ཐོག་གི“སྔོན་འགྲོའི་ཆ་རྐྱེན”དེ་ཡོངས་སུ་རྫོགས་པ་ཚང་མེད། སྔོན་འགྲོའི་ཆ་རྐྱེན་གྱི་གལ་གནད་དེ་སེལ་བར། གཅིག་ནས་ཚན་རིག་གི་གཞུང་ལུགས་ཐོག་ཏུ་ཕྱིར་ལོག་བྱ་དགོས་པ་དང་། གཅིག་ཤོས་ནི་ཚན་རིག་གི་ལག་ལེན་ཐོག་ཏུ་ཕྱིར་ལོག་བྱ་དགོས། དེ་ལས་གཞན་པའི་ཐབས་དམ་པ་ཞིག་བཙལ་དུ་མེད། གཞན་ཡང་གོ་བབ་ལ་དམ་འཛིན་བྱ་དགོས་ཤིང་། གོ་བབ་ཅིག་གཏན་འཁེལ་ཟིན་ཚེ། ཆོས་ཉིད་ཅིག་བཙལ་ཟིན་པ་དང་མཚུངས་མོད། འོན་ཀྱང་ཐབས་ཤེས་རྙེད་ཟིན་ཚེ། ཆོས་ཉིད་ཅིག་རྙེད་པ་དང་ཁྱད་མེད་དུ་གྲུབ་པས། དེ་ཉིད་ཀྱང་ལག་ལེན་དང་ཞིབ་འཇུག་ལས་འདའ་ཐབས་མེད། དེས་ན་ད་གཟོད་ཚན་རིག་གི་བརྡར་ཤ་ལེགས་པོ་ཞིག་གཅོད་ཐུབ། དེར་མ་ཟད།“རང་བྱུང”གི་ཆོས་ཉིད་ཉམས་སུ་མྱོང་དགོས་པ་སྟེ། མི་རིགས་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆ་ཤས་ཤིག་ཡིན་ཞིང་། མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱི་མི་རིགས་སྐོར་གྱི་བསམ་བློའི་ཉིང་བཅུད་ནི། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ཀྱི་ངོས་འཛིན་ཙམ་མ་ཟད། མི་རིགས་འཕེལ་རྒྱས་ཁྲོད་རྩ་མེད་དུ་འགྲོ་བ་ནི“རང་བྱུང”ངང་གྲུབ་པ་ཞིག་ལས། བཙན་ཤེད་ཀྱིས་གྲུབ་པ་ཞིག་མིན་པ་དེ་རེད།“རང་བྱུང”གི་ཆོས་ཉིད་དང་བསྟུན་ཚེ་རྒྱལ་བར་གྱུར་ཅིང་།“རང་བྱུང”གི་ཆོས་ཉིད་ལས་ལྡོག་ཚེ་ཕམ་ཁ་རག་ངེས་པ་ནི། གནའ་དེང་ཕྱི་ནང་གང་དུའང་ཁྱད་པར་མེད་པར་ཡོད་ཚད་དེའི་ཆོས་ཉིད་ཁོ་ནའི་དབང་དུ་གྱུར་ཏོ། །
དེབ་འདིའི་སྒྱུར་བ་བོ་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་བོད་ཀྱི་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རེན་ཟླ་བ་ཚེ་རིང་མཆོག
        དོན་གྲུབ་དབང་འབུམ་མཆོག་གི་བཞེད་དགོངས་ལྟར། མི་རིགས་ཀྱི་ལས་དོན་ནི་གཞུང་ལུགས་ཀྱི་རང་བཞིན་ཟབ་པ་ཙམ་མ་ཟད། སྲིད་ཇུས་ཀྱི་རང་བཞིན་དང་། ཆེད་ལས་ཀྱི་རང་བཞིན་ཡང་ངེས་ཅན་ལྡན་ཡོད་པར་བརྟེན། མི་རིགས་ཀྱི་ལས་དོན་ལེགས་པོ་བསྒྲུབ་པར་དེ་དང་འབྲེལ་བའི་གཞི་རྩའི་བྱང་ཚད་ཀྱང་ངེས་ཅན་ལྡན་དགོས། མི་རིགས་ཀྱི་ལས་དོན་སྤེལ་སྐབས། གནད་དུ་འཁེལ་བའི་ངང་ནས་རྒྱལ་ཁབ་ཀྱི་མི་རིགས་གོ་བབ་ལ་ཤེས་རྟོགས་ཡོད་དགོས་པ་སྟེ། དེའི་ནང་དུ་གཅིག་ནས་མི་རིགས་ཀྱི་ད་ལྟའི་གནས་བབ་དང་འདས་པའི་ལོ་རྒྱུས་ཚུད་ཡོད་ལ། གཉིས་ནས་རྒྱལ་ཁབ་ཀྱི་མཐོངས་ནས་མི་རིགས་ཀྱི་སྤྱིའི་གནས་ཚུལ་ཡང་ཚུད་ཡོད། གཞན་ཡང་མི་རིགས་ཞེས་པའི་ཚོགས་སྤྱིའི་ཆ་ཤས་ཚུད་ཡོད་ལ། མི་རིགས་ཀྱི་ཆབ་སྲིད་དཔལ་འབྱོར་དང་། མི་རིགས་ཀྱི་སྤྱི་ཚོགས་རིག་གནས་ཀྱང་ཚུད་ཡོད། དེ་ནི་དངོས་པོའི་ཐོག་གི་ཆ་ཤས་ཙམ་མ་ཟད། བསམ་བློའི་ཐོག་གི་དད་མོས་དང་འདུ་ཤེས། སེམས་ཁམས། རིན་ཐང་ལྟ་བ་སོགས་ཀྱང་ཚུད་ཡོད། མི་རིགས་ཉི་ཚེ་བ་ཞིག་ལ་དགོས་ངེས་ཀྱི་རྒྱུས་ལོན་དང་། གཏིང་ཟབ་པའི་ཞིབ་འཇུག་མི་འདང་བ་ནི་མིག་སྔའི་ཐུན་མོང་གི་ནད་ངན་ཞིག་ཡིན། དེ་དང་དུས་མཚུངས་ལས་དོན་སྤེལ་སྐབས་བདེན་པ་བདེན་ཐུབ་ངང་ནས་སྲིད་ཇུས་ཁག་ལ་ངེས་ཤེས་ལེགས་པོ་འདྲོང་དགོས་པ་དང་། མིག་སྔར་ཀྲུང་གོའི་སྲིད་ཇུས་མ་ལག་ནི་འཐུས་སྒོ་ཚང་ཙམ་ཞིག་ཏུ་གྲུབ་ཡོད་མོད། ད་དུང་ཡང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་པ་སྟེ། དེ་ནི་འཕེལ་རྒྱས་ཀྱི་དོན་དངོས་གནས་ཚུལ་དང་བསྟུན་ཏེ། ཟམ་མ་ཆད་པར་གསར་སྤེལ་འཕེལ་རྒྱས་སུ་གཏོང་དགོས་ལ། ལས་དོན་དངོས་ཀྱི་ལག་ལེན་ཁྲོད་དུ་ཐབས་ཤེས་ལ་གཙིགས་ཆེར་བཟུང་དགོས་ཤིང་། དེ་ནི་ཤིན་ཏུ་འགངས་ཆེ་བའི་གནད་ཀ་ཞིག་ཡིན། འཛམ་གླིང་གི་རྒྱལ་ཁབ་ཡོད་ཚད་དུ་མི་རིགས་ཡོད་པའི་དབང་གིས་ཕལ་ཆེ་བས་མི་རིགས་ཀྱི་གནད་དོན་སྐོར་ལ་ཞིབ་འཇུག་བྱེད་ཀྱིན་ཡོད། རྒྱལ་ཁབ་ཁག་གི་ལེགས་གྲུབ་ཀྱི་ཉམས་མྱོང་ལ་མིག་དཔེ་དང་། སྣ་སུན་ལས་ལྡོག་དགོས་པ་ཡིན། འོན་ཀྱང་རང་ཉིད་ཀྱི་སྨྲ་དབང་གི་སྒྲིག་གཞི་ནི་རང་ཉིད་ཁོ་ནས་འཛུགས་དགོས་སོ། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1