རི་བོ་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་ཟླ་བ་4པ་ནས་ཡུལ་སྐོར་བ་མང་བའི་དུས་ཀྱི་རིན་གོང་ལག་བསྟར་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01


        ཉེ་ཆར་གསར་འགོད་པས་ཇོ་མོ་གླང་མ་གནས་སའི་བོད་ལྗོངས་དིང་རི་རྫོང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4ཚེས་1ཉིན་ནས་བཟུང་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་བའི་དུས་ཚིགས་ཀྱི་མི་རེའི་ཐེངས་རེའི་སྒོ་འཛིན་སྒོར་180ཡིན་པའི་རིན་གོང་ལག་བསྟར་བྱ་རྒྱུ་རེད།  
        ཉེ་བའི་ལོ་ཤས་རིང་ལ། བོད་ལྗོངས་ཀྱིས་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་བས། ཡུལ་སྐོར་བ་སྣེ་ལེན་གྱི་ནུས་པ་ཆེ་རུ་རྒྱུན་ཆད་མེད་པར་སོང་བ་རེད། དིང་རི་རྫོང་མཁར་ནས་སྒར་ས་ཆེན་པོའི་བར་གྱི་གཞུང་ལམ་ཚང་མར་སྣུམ་ནག་ལམ་བུ་བཏིང་ཡོད་ལ། སྒར་ས་ཆེན་པོར་གློག་ཡང་ཤར་གཏོང་བྱས་པ་དང་། ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་ཀྱང་བཙུགས་ཟིན་པས། ཡུལ་སྐོར་བ་རྣམས་ལ་རོགས་སྐྱོར་དང་ཞག་སྡོད་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་ཀྱི་ཡོད་པ་རེད།
        ཇོ་མོ་གླང་མའི་རི་འཛེགས་དུས་ཚིགས་བཟང་ཤོས་ནི་ལོ་རེའི་ཟླ་བ་4པ་ནས་ཟླ་བ་5པའི་བར་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་ལ་ལོ་རེར་རྒྱལ་ཁབ་ཕྱི་ནང་གི་རི་འཛེགས་པ་བརྒྱ་ལྷག་གིས་ཇོ་མོ་གླང་མའི་རི་རྩེར་འཛེགས་པའི་ཚོད་ལྟ་བྱེད་ཀྱི་ཡོད་པ་རེད། ཇོ་མོ་གླང་མའི་སྒར་ས་ཆེན་པོ་གནས་ས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5200ཡོད་པ་དང་། ཡུལ་ལྗོངས་སྔོ་ཐིང་མཇེས་སྡུག་ལྡན་པས། ཡུལ་སྐོར་བ་འབོར་ཆེན་དེར་ཡུལ་སྐོར་ལྗོངས་རྒྱུ་ཡོང་བར་འགུགས་བཞིན་ཡོད་པ་རེད། ཇོ་མོ་གླང་མའི་སྒར་ས་ཆེན་མོ་དང་ཐག་ཉེ་བའི་གནས་སུ་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཤོས་ཀྱི་རོང་ཕུ་དགོན་པ་ཆགས་ཡོད་པས། ཡུལ་སྐོར་བ་འབོར་ཆེན་དགོན་པ་དེར་ཆོས་མཇལ་གཟིགས་སྐོར་གནང་བར་འགྲོ་གི་ཡོད་པ་རེད།
        ཡུལ་སྐོར་སྡེ་ཁག་གིས་དྲན་སྐུལ་བཏང་བ་སྟེ། ཇོ་མོ་གླང་མའི་སྒར་ས་ཆེན་མོར་ལོ་ཧྲིལ་པོར་ཡུལ་སྐོར་གནང་བར་ཕེབས་ཆོག་པ་མ་ཟད། དགུན་དཔྱིད་དུས་ཚིགས་སུ་ཇོ་མོ་གླང་མའི་མཛེས་ལྗོངས་ཡོངས་གཟིགས་ཐུབ་ཀྱི་ཡོད་པ་དང་། མཛེས་ལྗོངས་ཁུལ་དུ་ཉིན་མོ་དང་དགོང་མོའི་དྲོད་ཚད་ཀྱི་ཧེ་བག་ཆེ་བས། ཡུལ་སྐོར་བ་རྣམས་ཀྱིས་གྲང་འགོག་གནང་བར་ཡིད་གཟབ་བྱ་དགོས་པ་དང་། དེ་མིན་ལྷག་པར་དུ་དྲན་སྐུལ་གཏོང་དགོས་པ་ཞིག་ནི། ཇོ་མོ་གླང་མའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་པས། ཡུལ་སྐོར་བ་ཚོས་རང་གི་བྱ་སྤྱོད་ཚོད་འཛིན་བྱས་ནས"ཇོ་མོ་གླང་མ་ལྷ་མོ"ཡི་དྲི་མེད་དྭངས་གཙང་གི་རྣམ་པར་སྲུང་སྐྱོང་བྱ་དགོས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1