༄༅།། གངས་དབང་གི་ལྷུག་རྩོམ་བདམས་བཀོད།

གངས་དབང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-12


        གངས་དབང་ངམ་བཀྲ་ཤིས་ནི་ཁམས་མི་ཉག་ཉག་ཆུ་རྫོང་གི་རོང་ས་ཞིག་ཏུ་སྐྱེས། ཁོང་གིས་སྤྱི་ལོ་1995ལོ་ནས་2010ལོའི་བར་ལོ་བཅོ་ལྔའི་རིང་ལ་སྔོན་རྗེས་སུ་དར་མདོའི་ར་རྔ་ཁའི་བོད་ཡིག་སློབ་འབྲིང་དུ་བོད་ཡིག་དགེ་རྒན་དང་སློབ་གཙོ་གཞོན་པའི་འགན་ཁུར། ཕུགས་འདུན་ཞིག་གམ་མི་ཚེའི་འགྲོ་ཕྱོགས་ཤིག་གིས་སྤྱི་ལོ་2010ལོར་དཀར་མཛེས་ཉིན་རེའི་ཚགས་པར་ཁང་དུ་ལས་གནས་སྤོས་ནས་ད་ལྟའི་བར་དུ་《ཁམས་པའི་ཚགས་པར།》 《 ཁམས་པའི་དྲ་བ།》 《 ཁམས་པའི་འཛུམ་རིས།》སོགས་ཀྱི་གཙོ་སྒྲིག་པའི་འགན་འཁུར་བའི་ཞོར་དུ་བོད་ཡིག་དུས་དེབ་《གངས་དཀར་རི་བོ།》ཡི་གདན་ཞུས་གཙོ་སྒྲིག་པའི་ལས་སྒྲུབ་བཞིན་ཡོད།

ལྷམ།
        ང་རང་བྱིས་པའི་དུས་ཀྱི་དགུན་ཁ་ཞིག་ལ་ཨ་ཕས་ཀོ་བ་མཉེད་ནས་རྐང་པ་དང་མཐུན་པའི་བོད་ལྷམ་ཆུང་ཆུང་ཞིག་དྲུབས། ཨ་མས་བལ་བཀལ་ནས་ལྷམ་སྒྲོག་ཁྲ་ཁྲ་ཞིག་བཏགས། རྐང་པ་ཟུང་ལ་ལྷམ་ཆ་གཅིག་དང་། ལྷམ་ཆ་གཅིག་ལ་ལྷམ་སྒྲོག་ཆ་གཅིག་འཛོམས་པ་ནས་བཟུང་རི་འགོར་རྫི་བོར་སོང་དུས་ལམ་ཁའི་ཚེར་མ་དང་། ལ་འདབས་སུ་བུད་ཤིང་འཐུ་བར་འགྲོ་དུས་ལམ་ངོས་རྡོ་ཟུར་གྱི་མནར་གཅོད་མྱོང་མ་དགོས།
        ཉིན་ལྟར་སྔ་མོར་དགུན་རླུང་བསིལ་བསིལ་དུ་ལྡང་ཞིང་ཉི་མའང་ཐང་ཆད་པ་ལྟར་སྒྱིད་ལུག་གིས་ཤར་དུས། ངས་བོད་ལྷམ་དྲོན་པོ་དེ་གྱོན་ནས་ར་ལུག་གི་རྗེས་སུ་འདུར་རྒྱུག་བྱེད་ཅིང་བུད་ཤིང་གི་དོན་དུ་ལ་ལུང་བརྒལ། དཀའ་བའི་དུས་སུ་བོད་ལྷམ་ཕུད་ནས་སྔས་མགོར་བྱས་ཏེ་ངལ་གསོ་སྐབས། བྱིས་སྒྲུང་ལྟ་བུའི་རྨི་ལམ་སྐྱིད་པོ་རྨིས་མྱོང་། དགའ་བའི་དུས་སུ་ཨ་ཕ་ལ་ལད་མོ་བྱས་ཏེ་ལྷམ་སྒྲོག་ཁྲ་ཁྲ་ཡིས་ར་ལུག་གི་འགྲོ་ཕྱོགས་དང་བུད་ཤིང་འཐུ་ཕྱོགས། རང་གི་མ་འོངས་པ་བཅས་ལ་མོ་འདེབས་ཁུལ་བྱས། སྐབས་དེ་དུས། མོ་ལུང་ལ་གསལ་ཆ་ཅི་ཡང་མེད་མོད་ལྷམ་སྒྲོག་ལས་ཕྱི་སྒྲོག་དང་ནང་སྒྲོག རྣ་འབྱོག་གི་རྣམ་པ་མངོན་པ་ཡིས་སེམས་ནང་དགའ་སྐྱོའི་མདུད་པ་ཐེབས་མྱོང་། དུས་དེ་ནས་ཡུལ་མི་རྣམས་ཀྱིས་ང་ལ་རྫི་བོ་བོད་ལྷམ་ཅན་ཞེས་འབོད། 
        གྲོང་པའི་སློབ་ཆུང་ལ་ཐོག་མར་འགྲོ་དུས་ཕ་ཡུལ་གྱི་དགུན་དུས་ལ་གྲང་ངར་དེ་ཙམ་མི་ཆེ་མོད། ངས་སྔར་ལྟར་བོད་ལྷམ་ཆུང་ཆུང་དེ་ལྷམ་སྒྲོག་ཁྲ་ཁྲ་ཡིས་རྐང་པ་ཆུང་ཆུང་ལ་བཅིངས་ཏེ་སློབ་གྲོགས་ཚོ་དང་མཉམ་དུ་སློབ་གྲྭར་སོང་། གྲང་རླུང་འུར་འུར་དུ་ལྡང་བའི་སྔ་དྲོ་དང་། ཁ་བ་ལྷབ་ལྷུབ་ཏུ་བབ་པའི་ཕྱི་དྲོ་གང་ཡིན་ཡང་ལག་པས་རྩིས་རྒྱག་དུས་འདར་མ་དགོས་པ་དང་ཁ་ཡིས་ཀློག་འདོན་བྱེད་དུས་ནོར་མ་ཤོར་བ་ནི་བོད་ལྷམ་དྲོན་པོ་དེའི་དྲིན་ཡིན་པ་ལོས་ཤེས་མོད། སློབ་གྲོགས་རྣམས་ལས་ཉུང་ཤས་ཀྱིས་འགྱིག་ལྷམ་ཐབས་ཆག་ཙམ་གྱོན་ཡོད་པ་ལས་དེ་མིན་ཚོ་དུས་བཞིར་རྐང་རྗེན་ཡིན། ང་ནི་དེའི་ནང་གི་མ་འདྲ་བ་ཞིག་ཏུ་གྱུར་པས་ཚང་མས་སློབ་མ་བོད་ལྷམ་ཅན་ཞེས་འབོད། ཁྱད་པར་དུ་ང་ཚོ་མཉམ་དུ་འགྲོ་དུས་རྐང་རྗེན་གྱིས་འགྲོ་མཁན་རྣམས་ཀྱི་ཤུལ་དུ་མཛུ་གུ་ལྔ་པོ་དང་བཅས་རྐང་པའི་ཤ་མཁྲེགས་ཀྱི་རི་མོ་མེ་ཏོག་ལྟར་དུ་བཀྲ། འགྱིག་ལྷམ་གྱོན་མཁན་རྣམས་ཀྱི་རྗེས་ལ་རྡོ་སྐས་ལྟ་བུའི་རི་མོ་ཤར་ཡང་། ངའི་ཤུལ་དུ་རྡོག་མཐིལ་ས་ཐོག་ཏུ་མནན་ཤུལ་ཙམ་ལས་ཅི་ཡང་མེད་པས་སློབ་མ་བོད་ལྷམ་ཅན་ཞེས་པའི་འབོད་མིང་དེས་སྐབས་འགར་གཟི་བརྗིད་སྐྱེས་སུ་བཅུག་ཀྱང་མཚམས་རེར་ངོ་ཚའང་སྟེར་མྱོང་། 
        མི་འདྲ་བ་དེ་འདྲ་བར་བྱེད་པ་དང་རང་གི་རྗེས་ལའང་རི་མོ་ཞིག་བཀྲ་བའི་ཆེད་དུ་ངས་ཨ་ཕ་ལ་རབ་ཡིན་ན་འགྱིག་ལྷམ་གསར་པ་ཞིག་དགོས། དེ་མིན་ན་བོད་ལྷམ་གྱོན་མི་འདོད་ཚུལ་ཞུས་ཀྱང་། ཨ་ཕས་རང་ལུས་དྲོས་ན་མིས་ཅི་ཟེར་ལ་ཉན་རྒྱུ་མེད་ཅེས་འདོད་དོན་མ་བསྐངས། 
        དེ་ལྟར་དགུན་དུས་རེ་རེ་ལ་ངས་ཨ་ཕས་ཁབ་མིག་གིས་སྐུད་པ་ཁྲིད་ཁྲིད་ཀྱིས་དྲུབས་པའི་ཀོད་ལྷམ་གྱོན། ཨ་མ་ཡིས་རྒྱུ་སྤུན་བསྲེས་བསྲེས་ཀྱིས་བཏགས་པའི་ལྷམ་སྒྲོག་བཅིངས་ཏེ་རང་གི་ལྷམ་དྲོན་པོ་ལ་སེམས་ཆགས་བཞིན། གཞན་གྱི་རྐང་རྗེས་གསལ་མོ་ལ་ཡིད་སྨོན་བཞིན་སློབ་ཆུང་མཐར་ཕྱིན་ཏེ་ཀ་མད་ངོ་ཤེས་ཙམ་དང་། རང་མིང་འབྲི་ཤེས་ཙམ་གྱིས་རྫོང་ཐོག་གི་སློབ་འབྲིང་ལ་འགྲོ་རན་དུས། ཨ་ཕ་ཡིས་ཤིང་སྒམ་ལས་འགྱིག་ལྷམ་གསར་པ་ཞིག་བླངས་ནས་ང་ལ་སྤྲོད་རྗེས། བོད་ལྷམ་རྙིང་པ་དེ་ལྷམ་སྒྲོག་གིས་དམ་དུ་བསྡམས་ནས་འདི་ཡིས་ཕན་ཐོགས་པའི་དུས་ཤིག་འོངས་ཞེས་སྒམ་ནང་དུ་བཅུག 
        ངས་འགྱིག་ལྷམ་གསར་པ་དེ་གྱོན་ནས་རྫོང་ཐོག་ཏུ་སོང་བའི་ཉིན་དེར། ད་ནི་རང་ལའང་རྗེས་ཤུལ་གསལ་མོ་རེ་ཡོད་ཐག་ཆོད་རེ་བསམས་ཏེ་ཕྱིར་བལྟས་ཡང་ཡང་བྱས་ནས་རྫོང་ཐོག་ཏུ་སླེབས་མོད། བསམ་ཡུལ་ལས་འདས་པ་ཞིག་ནི་རྫོང་ཐོག་གི་སློབ་གྲྭའི་ནང་འགྱིག་ལྷམ་གྱོན་མཁན་རེ་གཉིས་ཙམ་ལས་དེ་མིན་ཚང་མ་ནི་རྒྱ་ཡི་ཀོ་ལྷམ་གྱོན་མཁན་ཁོ་ན་རེད། ཁོ་ཚོའི་འགྲོ་སྟངས་ནི་ངའི་མིག་ལམ་དུ་དེ་འདྲའི་སྒེག་ཉམས་ལྡན་ཞིང་། ཁོ་ཚོའི་གོམ་པའི་རྡོག་སྒྲ་ནི་ངའི་རྣ་ལམ་དུ་དེ་འདྲའི་སྙན་པས་ངས་སླར་ཡང་རང་ཉིད་ཀྱི་རྐང་འགོར་བལྟས་ཏེ་སློབ་ཆུང་གི་སློབ་གྲོགས་དང་མཉམ་འགྲོ་བྱེད་དུས་ཀྱི་རྣམ་པ་དྲན་བྱུང་། 
        རེད་དེ། གཞན་གྱི་ཞྭ་ལ་བལྟས་ནས་འགྲོ་ན་རྐང་འོག་ཤོར་ཉེན་ཆེ་ལ། རང་གི་རྐང་འགོར་བལྟས་ནས་འགྲོ་ན་མགོ་བོ་བརྡབ་ཉེན་ཆེ་བས། དུས་དེ་ནས་ངས་ཤུལ་དུ་རྐང་རྗེས་ཀྱི་རི་མོ་ཡོད་མེད་ལ་བསམ་བློ་མ་འཁོར། མདུན་དུ་གོམ་པའི་རྡོག་སྒྲ་སྙན་མིན་ལ་རྣ་དབང་མ་གཏད་པར་ཡིག་འབྲུ་ནག་པོའི་བར་གསེང་དུ་བཙངས། དགུན་ཟླ་གསུམ་ནང་གྲང་ངར་གྱིས་རྐང་མཐིལ་ནས་མགོ་བོ་བར་འདར་དུ་བཅུག་དུས་ཕ་ཡུལ་གྱི་སྒམ་ནང་བཅུག་པའི་བོད་ལྷམ་རྙིང་པ་དེ་དྲན་ཡང་། ཡིག་འབྲུ་རེ་རེའི་གསེང་ལ་རྐང་པའི་རི་མོ་ལས་མཛེས་པའི་མེ་ཏོག་སྡུག་གུར་བཀྲ་ཞིང་། ཡིག་ཕྲེང་རེ་རེའི་བར་ལ་རྐང་པའི་རྡོག་སྒྲ་ལས་སྙན་པའི་བྲག་ཅ་འཁོར་བས་ཆུང་དུས་ལྷམ་སྒྲོག་གིས་མོ་འདེབས་སྐབས་རྣ་འབྱོག་བཙུགས་ཏེ་དགའ་ངོ་བསྟན་པའི་རྣམ་པ་དེ་ཡང་ནས་ཡང་དུ་དྲན། 
        འགྲོ་ས་གཅིག་པའི་ལམ་ཐོག་ལ་ལྷམ་ལ་ཡག་བཙོག་ཡོད་པ་ལྟར། རྐང་པ་ལའང་བཟང་ངན་སྣང་། ཆུང་དུས་བོད་ལྷམ་སྐྱ་སྐྱ་དང་ལྷམ་སྒྲོག་ཁྲ་ཁྲ་ཡི་དྲིན་གྱིས་ངའི་རྐང་ཟུང་ལ་སྟོབས་ཤུགས་རྒྱས་ཤིང་། བློ་རིག་པ་ཡང་མི་རྟུལ་ཙམ་ཡོད་པས་སློབ་འབྲིང་ནས་དགེ་འོས་སློབ་གྲྭ་དང་། སློབ་ཆེན་གྱི་རྡོ་སྐས་རིམ་གྱིས་བགྲོད་མཐར་རང་གི་རྐང་ཟུང་དང་འཕྲོད་ལ་ཡིད་སེམས་ཀྱང་མོས་པའི་ལས་གནས་ཤིག་རྙེད། ལས་གནས་དེ་རུ་ལྷམ་འདྲ་མོ་གྱོན་ཏེ་ཕར་འགྲོ་མཁན་བརྒྱ་རེད་ལ་ལྷམ་མི་འདྲ་བ་གྱོན་ཏེ་ཚུར་འོངས་མཁན་སྟོང་རེད། ངས་ཀྱང་དུས་ཚིགས་ཀྱི་འགྲོས་ལྟར་ཀོ་ལྷམ་དང་འགྱིག་ལྷམ། རས་ལྷམ་དང་འགྱུར་རྟ་སོགས་གང་མང་གྱོན་ཏེ་ཀྲོག་ཀྲོག་དང་རྫིག་རྫིག་གིས་འགྲོ་བཞིན། ངོམ་ངོམ་དང་ཀྲོང་ཀྲོང་གིས་འདུག་མོད། དོན་ངོ་མར་རང་གི་རྐང་དང་མཐུན་པའི་ལྷམ་ཞིག་གཅིག་ཀྱང་གྱོན་མ་མྱོང་། ཐ་ན་ལྷམ་འགའ་ཡིས་རྐང་པ་བཙིར་ཡང་ཁྲིག་ཁྲིག་གི་སྒྲ་དང་ཟིམ་ཟིམ་གྱི་མིག་མདའ་ཡི་ཆེད་དུ་རང་སྡུག་རང་གིས་ཉོས་པ་ཡིན། སྐབས་འགར་རྨི་ལམ་དུ་རང་གིས་རྐང་ལྷམ་ཆ་མིན་ཡ་མིན་ཞིག་གྱོན་ཏེ་འགྲོ་བཞིན་ཡོད་པ་རྨིས་པས། ཉིན་མོར་རང་གི་རྐང་འགོ་གཉིས་ལ་ཡང་ནས་ཡང་དུ་ལྟ་དགོས་པ་ཞིག་ཏུ་ཆགས། 
        དུས་ད་ལྟར་འགྲོ་བཞིན་པའི་ལམ་བུར་ངལ་གསོ་སྐབས། དྲོན་མོའི་བོད་ལྷམ་དང་ཡང་མོའི་འགྱིག་ལྷམ། བདེ་མོའི་རས་ལྷམ། རྩུབ་པོའི་ཀོ་ལྷམ། རྫིག་པོའི་འགྱུར་རྟ་སོགས་རེས་མོས་སུ་གྱོན་མྱོང་བའི་རྐང་པ་གཉིས་ལ་ལྟ་དུས། ཨ་ཕ་ཡིས་འདིས་ཕན་ཐོགས་པའི་དུས་ཤིག་ཡོང་ཞེས་ལྷམ་སྒྲོག་ཁྲ་ཁྲ་ཡིས་དམ་པོར་བསྡམས་རྗེས་སྒམ་ནང་བསྙལ་ནས་ཡོད་པའི་བོད་ལྷམ་རྙིང་པ་དེ་ལྷག་ཏུ་དྲན། ། 
སྟོན་ཀའི་ལམ་དུ།
        གངས་ཆུ་ཡིས་ཆུ་བོའི་རྒྱུད་ཀྱི་སྟོན་ལོ་བསྡུས་ནས་རྒྱང་རིང་ལ་བསྐྱོད་ཅིང་། བསིལ་རླུང་གིས་སྟོན་ཀའི་དྲི་བསུང་ཁྱེར་ཏེ་བར་སྣང་དུ་ལྡིང་འཁོར་བྱེད་དུས།ངས་ཀྱང་སྟོན་དུས་ཀྱི་འབྲས་བུ་ལྟ་བུའི་ལྗིད་ཏིག་ཏིག་གི་བསམ་གཞིག་ལྕི་མོ་ཐིག་རུམ་སྟེ་སྟོན་ཀའི་ལམ་དུ་བསྐྱོད་འགོ་ཚུགས། 
        མཁའ་མཐའི་གངས་རིས་ཁ་བ་སྲབ་མོ་ཅོད་པན་དུ་བཞེངས་པ་ནི་དུས་ཚིགས་ལ་ཕེབས་བསུ་བྱས་པའི་དགའ་སྟོན་ཡིན་སྲིད། རི་ངོས་ཀྱི་རྩི་ཤིང་གི་ལོ་མ་སེར་པོའི་མཐིལ་དུ་ཆགས་པའི་བ་མོ་ལས་ཉི་འོད་ལྷང་ལྷང་དུ་འཕྲོས་པའང་སྟོན་མཇུག་གི་ལོ་མ་ལ་ཕེབས་སྐྱེལ་མཛད་པ་དང་མཚུངས། 
        རྡོ་ཕ་བོང་སྟེང་གི་ཁ་བ་དང་བ་མོའི་ཁྲོད་དུ། བྱིའུ་རྣམས་ཀྱི་སུག་རྗེས་རི་མོར་བཀྲ་བའང་འབྲས་ལྡན་གྱི་དུས་ནང་རང་གི་ཤུལ་རྗེས་ཤིག་བཞག་འདོད་པས་ལོས་ཡིན། 
        སྟོན་མདོག་གདན་དུ་བཏིང་བའི་གཞུང་ལམ་དུ་ཤར་གྱིས་བསྐྱོད་པའི་རླངས་འཁོར་ནང་ལ། སྐྱེས་པ་དང་བུད་མེད་རྒན་དར་གཞོན་གསུམ་ལས། སྡུག་གིས་ཚོས་པའི་མི་རྒན་སྨ་ར་ཅན་གྱིས་སྟོན་དུས་ནི་དགུན་ཁའི་སྔོན་འགྲོར་འདོད་དེ་དོགས་པ་དང་བྲེལ་འཚུབ། སྒྱིད་ལུག་གི་སེམས་གཤིས་ཆུ་ལས་ཆུ་བུར་བཞིན་ཐོན། སྐྱིད་ཀྱིས་རྒྱགས་པའི་ལོ་ཆུང་དབུ་འཕང་ཅན་ཚོས་སྟོན་དུས་ནི་དཔྱིད་དབྱར་གྱི་གྲུབ་འབྲས་སུ་ཤེས་ཏེ་སྤྲོ་བ་དང་ང་རྒྱལ། སྤོབས་པ་ནི་སྟོན་ལོའི་སྙེ་མ་ལྟར་བཅུད་ཀྱིས་བཏུམས། འཚོ་བ་ནི་རྒྱལ་ཕམ་གྱིས་གྲུབ་སྟེ་སྐྱིད་སྡུག་རེས་སུ་འཁོར་བ་ཡིན་མོད། མང་མང་གིས་སྡུག་ཁུར་དུ་བླངས། སྐྱིད་ཐང་ལ་བཞག་སྟེ་མི་ཚེའི་ཕུགས་ལམ་འཁང་ར་དང་མིག་ཆུ་ཡིས་དེད། 
        རླངས་འཁོར་གྱིས་སྟོན་རླུང་གདོང་གིས་བསུ་བཞིན་མི་རྣམས་ཀྱི་འཁུན་སྒྲ་ཁུར་ཏེ་ཤར་གྱིས་བསྐྱོད། 
        ཉི་གཞོན་གྱི་དྲོ་འཇམ་དང་རླུང་བུའི་བསིལ་འཇམ་ནང་དུ། ལ་བརྒྱབ་ཐུར་བབས་བྱས་རྗེས་གཞོང་པ་ཞིག་དང་ཀུན་ནས་མཚུངས་པའི་ཡུལ་གྲུ་ཞིག་མདུན་དུ་བཀྲམ་བྱུང་། ཡ་གིའི་གངས་རི་དང་ཕ་གིའི་རྫ་རིའི་སྦུབས་ལས་བཞུར་བའི་ཆུ་བོ་ཞིག་གྲོང་པའི་དཀྱིལ་ནས་རྒྱང་རིང་དུ་བཞུར་བཞིན་སྒང་སྒང་ལ་ཐུག་དུས་ཆུ་ཡི་ཟེགས་མའི་མེ་ཏོག་མཆོད། གཤོང་གཤོང་ནང་སྟོན་དུས་ཀྱི་ལོ་མ་དང་བཅས་རྫིང་བུ་སེར་པོ་ཞིག་འཁྱིལ། དེ་ནི་ངའི་སེམས་ནང་བཞུར་བའི་གླིང་ཆུ་སྟེ། གླིང་སྒྲུང་ལྟ་བུའི་རྔམ་མཐུག་ཅིང་རྒྱུན་རིང་བའི་ཡུལ་སྲོལ་གོམས་གཤིས་མུ་ནས་མུ་རུ་བསྐྱངས། 
        གལ་སྲིད་ཡུལ་གྲུ་གང་ཞིག་ལ་ཆུ་ཡི་བཅིངས་པ་མེད་ན་ལྷུག་ལྷུག་ཏུ་གྲོལ། ལྷུག་ལྷུག་ཏུ་གྲོལ་ལ་ཆགས་པའི་ས་གཞིར་འབྱུང་བཞི་འཁྲུགས་སོང་ན་བློ་སེམས་བདེ་རྒྱུ་ཅི་ཡོད། 
        ཆུ་བོ་གླིང་ཆུའི་འགྲམ་དུ་བརྩེ་དུང་གི་མེ་ཏོག་ཐོག་མར་བཞད་ཡོད། དེ་ནི་སེམས་ནང་གི་མི་ཉག་བུ་མོ་ཞིག་གིས་ཐེངས་དང་པོར་གོན་པ་འཁྲུད་ས་ཡིན་པས་ཁུགས་སོ་ག་ཚད་ཡོད་མེད་ངས་ཤེས་ལ་ཆུ་ཟམ་ཆེ་ཆུང་དུ་ཡོད་ཚོད་ཐིག་མོད། ད་ལྟར་ས་རྐོ་རྡོ་སློག་གིས་ཁ་ཆད་སྣ་ཧྲུལ་དུ་གྱུར་ཚུལ་ལ་བལྟས་ན་ཡོད་ཚད་ནི་གོས་ཀྱི་དྲི་མ་ཆུ་ཡིས་ཁྱེར་བ་ལྟར་མི་རྟག་པས། སྐྱོ་ལྷང་ལྷང་གི་དྲན་གདུང་ལས་ཅི་ཡང་ལྷག་མི་འདུག 
        ལམ་གྱི་གཡས་གཡོན་དུ་གྲལ་སྟར་བསྒྲིགས་པའི་ལྕང་སྡོང་གི་བར་གསེང་ནས་བལྟས་ན་བོད་ཁང་མཐོ་དམའ་མི་འདྲ་བ་མང་པོ་མཐོང་ཐུབ། གྲུ་བཞི་རྡོ་དང་སྲབ་མོ་རྡོ་ལེབ།མཉེན་མོ་ས་འདམ་བཅས་ཀྱིས་བརྩིགས་པའི་གཡུང་དྲུང་ལག་སྦྲེལ་གྱི་རྩིག་པ་དང་། རྡོ་ཆེན་གཅིག་ལ་རྡོ་ཆུང་བརྒྱ་ཡིས་བསྐོར་བའི་རྩིག་པ། གཡས་གཡོན་དུ་དཀར་རྩིས་བརྒྱན་པའི་སྒེའུ་ཁུང་། གཡག་མགོ་སྐམ་པོས་བརྒྱན་པའི་རྩིག་གདོང་། རྒྱ་སྒོའི་མདུན་དུ་ལྷབ་ལྷུབ་གཡོ་བའི་དར་ལྕོགཞིང་ཁར་བག་ཕེབས་ཀྱིས་འཚོ་བའི་རྟ་ནོར་ལུག་གསུམ་བཅས་ནི་མི་ཉག་བོད་མིའི་འཚོ་བ་མཚོན་པའི་ཐང་གའི་རི་མོ་ཞིག་དང་འདྲ། 
        མཚམས་མཚམས་སུ། གཅིག་རྗེས་གཉིས་མཐུད་ཀྱི་རྒྱ་ཁང་གྲུ་བཞི་མའི་སྒོ་བྱང་དུ་མགྲོན་ཁང་དང་ཚོང་ཁང་མཚོན་པའི་མིང་འདྲ་ཆགས་པོ་བཏགས་འདུག་མོད། བོད་ཡིག་བྲིས་ཡོད་པ་མཐོང་རྒྱུ་དཀོན་པས་ཆ་མིན་ཡ་མིན་གྱི་སྣང་བ་སྐྱུར་མོ་ཞིག་སྐྱེས། 
        ལོ་ངོ་ཉི་ཤུའི་སྔོན་ལ་ང་ཐོག་མར་འདི་ན་ཡོང་དུས། འདི་ན་ནི་ངས་མི་ཉག་གི་ཕལ་སྐད་སྦྱོང་ས་ཡིན་ཡང་། ད་ནི་སྐྱེས་ཕོ་སར་དང་སྨན་མོ་ཤར་རྣམས་ཀྱིས་ཤོག་གུ་མཐུག་པོ་མཐུག་པོ་རྣམས་ཁུག་མར་རྫོང་བའི་དུས་མཚུངས་སུ་ཕ་སྐད་སྙན་མོ་སྙན་མོ་དང་། མ་ཡིག་ཡག་པོ་ཡག་པོ་རྣམས་གླིང་ཆུ་ལ་རྒྱང་རིང་དུ་བསྐུར་དང་སྐུར་བཞིན་ཡོད་ཚོད་རེད། སུ་ཡིས་རྐང་འོག་གི་ས་གཞི་ཤོར་ན་དེས་ཕ་སྐད་ཤོར་ལ། སུ་ཡིས་ཁ་ནང་གི་སྐད་ཤོར་ན་དེས་ལག་ནང་གི་མ་ཡིག་ཤོར་ཐག་ཆོད་རེད། 
        སྟོན་ཀའི་སེར་མདངས་ནི་ནམ་མཁའ་དང་ས་གཞི། བྲག་རི་དང་ཆུ་བོར་འཕྲོས་ཏེ་སེར་ལམ་ལམ་དུ་ཆགས་པས་སེམས་པའང་སྐྱོ་ལྷང་ངེར་གྱུར་སོང་། ཤིང་སྡོང་གི་ཡལ་ག་ལས་ལོ་མ་སེར་པོ་རྣམས་སྒེག་ཉམས་ཀྱིས་འཕུར་ལྡིང་བྱེད་དུས། ལ་ལ་དར་ལྕོག་གི་རྩེ་མོའི་ཉི་ཟླ་ལ་འབྱར། འགའ་ཞིག་ལམ་ངོས་སུ་ཐང་མར་བརྡལ། འགའ་ཤས་རྟ་ཡི་ཟེ་བ་དང་ནོར་གྱི་རྔ་མར་དཔྱངས། ལ་ཤས་ཆུ་ཡི་འགྲོས་ལྟར་ལྡེམ་ལྡེམ་གྱིས་བསྐྱོད། 
        ལོ་མ་སེར་པོ་ནི་སྟོན་དུས་ཀྱི་ཕོ་ཉ་དང་ཤིང་སྡོང་གི་དར་ཆ་སྟེ། དཔྱིད་དུས་ཀྱི་བྱ་ལྕེ་ཙམ་ནས་དབྱར་དུས་ཀྱི་ལག་མགོ་ཙམ། ཆར་ཆུས་གསོས་ཀྱང་རུང་། ཉི་འོད་ཀྱིས་ཚ་ནའང་འདྲ། ཆ་ཚང་བས་མི་རྣམས་ཀྱིས་ཡིད་སྨོན་ཡང་རུང་། འབུ་ཡིས་ཟོས་པས་ཀུན་གྱིས་སྣང་མེད་དུ་བཏང་ནའང་འདྲ། ཁེར་རྐྱང་ངང་དགུང་སྔོན་དུ་འཕུར་ཏེ་དགུན་གྱི་རུམ་ནང་དཔྱིད་ཀྱི་རྨི་ལམ་རྨིས་པ་ནི་ཤིང་སྡོང་གི་དྲིན་ཡིན་ཏེ། སྐྱ་ཧྲེང་ངེར་ནས་སྔོ་ལྗང་བར་དྭངས་གཙང་གི་མཁའ་དབུགས་འཕྲོག་རྩོད་བྱས་རྗེས་སེར་ལམ་ལམ་དུ་སྨིན་དུས། སེར་སྣ་དང་དཔེ་ཁྱུད་མེད་པར་སེར་ལྡན་གྱི་ལོ་མ་གནམ་ས་ལ་ཕུལ་ཏེ། རང་ཉིད་སླར་ཡང་སྐྱ་ཧྲེང་ངེར་ལངས་པ་ནི་འགྲོ་བ་མི་སུས་ཀྱང་ལད་མོ་བྱེད་ཐབས་མེད་པའི་རང་ཚུགས་དང་གཏོང་ཕོད་ཅིག་རེད། 
        མིག་ལམ་དུ་ཤར་བ་ནི་ལོ་མ་སེར་པོའི་གར་སྟབས་དང་སེམས་ནང་དུ་འབབ་པ་ནི་གངས་རིའི་ཁོང་ནས་བཞུར་བའི་གླིང་ཆུ་རེད། མཐོ་སར་འགྲེང་བ་ནི་གཟུངས་སྔགས་བརྐོས་པའི་རི་མོ་དང་སེམས་པ་ནང་བཞེངས་པ་ནི་དད་རྟེན་གྱི་ལྷུན་པོ་རེད། གངས་རི་ནས་བཞུར་བའི་ཕོ་ཆུ་དཔའ་བའི་ཉམས་དང་བཅས་མདུན་དུ་བཞུར་བ་ནི་རྫ་རི་ནས་བརྡོལ་བའི་སྒེག་ཉམས་ཀྱི་མོ་ཆུ་དང་ལྷན་འཛོམས་ཀྱི་ཆེད་དུ་རེད། ཆུ་གཉིས་སྟོན་དུས་ཀྱི་དགའ་སྟོན་དུ་ལྷན་དུ་འཛོམས་ན་ད་གཟོད་འཇམ་གཤིས་དང་བག་ཆགས། ལྷོད་པོ་དང་རྒྱུད་བཟང་གི་མ་སྲུ་མོ་ཚོ་སྐྱེད་སྲིང་མཛད། ཁོག་ཡངས་དང་རུས་བཟང་། གཟི་བརྗིད་དང་ངང་རིང་གི་ཕ་ཨ་ཁུ་གསོ་སྐྱོང་བྱེད། 
        སྟོན་དུས་ཀྱི་ཞིང་ནང་དུ་མི་ཉག་བུ་མོ་སྒེག་ལྡན་མའི་ལག་ཟུང་གི་སྟངས་སྟབས་ཀྱིས་འདོད་ལྡན་དུས་ཀྱི་མཛེས་པ་ངོམས་ཤིང་མགོ་ཐོག་གི་དབུ་ཁྱུད་ལྟ་བུའི་སྐྲ་ཐག་དམར་པོ་ནི་མེ་ལྕེའི་ཚུལ་དུ་ལོ་མ་སེར་པོ་དང་མཉམ་དུ་འཕྱུར་བ་ནི་ཆེས་མཐའ་མའི་མཛེས་སྡུག་ཅིག་ཏུ་བསམ་མི་རུང་སྟེ། མི་རིགས་སོ་སོས་རང་རང་གི་ཐུན་མོན་གྱི་ཁྱད་ཆོས་རིན་ཐང་དུ་ངོམ་བའི་དུས་རབས་ནང་། བོད་པའི་བུ་མོ་ཚོས་ཀྱང་མཐོ་སྒང་གི་མཚམས་སྤྲིན་ལྟ་བུའི་ངོ་མདོག་དང་གྲོ་ནས་ལྟ་བུའི་སྐྲ་ལོ། རྩྭ་ཐང་ལྟ་བུའི་སེམས་རྒྱ་དང་སྤྲིན་དཀར་ལྟ་བུའི་བག་ལྷོད། གངས་ཆུ་ལྟ་བུའི་འགྱུར་བག་དང་མཁའ་རླུང་ལྟ་བུའི་སེམས་གཤིས་ནི་ནམ་ཡང་དོར་མི་སྲིད་ལ་སྐྱུར་མི་རུང་བས་སོ། ། 
        ཁང་པའི་གྲུ་ཟུར་དུ་ལྕང་སྡོང་གི་འོག་ལ་བྱིས་པ་རྣམས་ཀྱིས་ལོ་མ་སེར་པོ་རྣམས་ཕྱོགས་གཅིག་ཏུ་སྤུངས་ཏེ། རྒན་པོ་ཞིག་གིས་མེ་ལ་བསྒྲོན་རྗེས་དུ་བ་སྔོ་ལྷོག་ལྷོག་ཏུ་ཁྱབ་པ་ལས།ས་རྡོ་དང་རྩི་ཤིང་གི་དྲི་མ་ཡིས་སེམས་ཅན་ཀུན་ལ་སྟོན་གྱི་བྲོ་བ་ཕྱུངས་པའང་ཆེས་མཐའ་མའི་མེ་ལྕེ་དང་དུ་བ་ཡིན་མི་སྲིད་དེ། སྟོན་ལོ་ཡི་ཚེ་མཇུག་ཀྱང་མེ་ལྕེས་བསྲེགས་ཏེ་རྩི་ཤིང་གི་རྩ་བར་ཟིན་པས་སང་ཕོད་ཀྱི་དཔྱིད་ཀར་དུས་ལྟར་ས་འོག་ནས་འབུས་ངེས་སོ། 
        ཕོ་རོག་ཁེར་རྐྱང་ཞིག་འཇམ་ཐིང་ངེར་འཕུར་ནས་ཡོང་སྟེ་རྟ་ནོར་ལུག་གསུམ་གྱི་རྗེས་སུ་འཕར་ཙམ་འཕར་ཙམ་གྱིས་རྒུམ་བུ་འཐུ་ཞོར་གོའོ་་་་་གོའོ་་་ཞེས་མགྲིན་རྔ་བརྡུངས་པའང་ཆེས་མཐའ་མའི་སྣུམ་ཚོན་རི་མོ་ཞིག་ཡིན་མི་སྲིད་དེ། བརྔ་བསྡུ་བུ་མོས་བསམ་གཟས་ཏེ་སྙེ་མ་ས་ལ་གཏོར་བ་དང་།སེམས་ལྡན་དུད་འགྲོས་ཀྱང་ཕོ་རོག་ལྷ་བྱར་བསྒོམས་པ་ནི་རི་ཆུ་འདིས་སྐྱེས་ཤིང་གསོས་པའི་ཡུལ་སྲོལ་ཏེ། ཆུ་མོ་མ་སྐོམ་བར་དང་རི་བོ་མ་འཇིག་ཚུན་ལ་འགྱུར་མི་སྲིད་དོ། ། 
        ངས་རླངས་འཁོར་གྱི་སྒེའུ་ཁུང་ལས་བལྟས་དུས་ཁང་ཐོག་གི་དུ་ཞག་རིང་མོ་ནི་ཨ་མ་རྒན་མོས་སྟོན་དུས་ལ་ཕུལ་བའི་ཁ་དར་དཀར་པོར་མཐོང་། ཞིང་ཁར་རྒུམ་བུ་འཐུ་བའི་བྱིའུ་རྣམས་ལས་ལྟོ་འགྲངས་ཀྱིས་རྒྱབ་ནས་དེད་པའི་ན་ཆུང་ཚོ་དྲན། ནམ་མཁའི་ཉི་འོད་ནི་དམར་སེར་དུ་འཕྲོས་ཏེ་ངའི་ལག་པ་དང་ངོ་གདོང་སེར་ལམ་ལམ་དུ་བྱུགས། མཁའ་མཐར་རྒྱུ་བའི་ཟླ་གཞོན་ཡང་རླངས་འཁོར་དང་མཉམ་དུ་མདུན་དུ་རྒྱུག་པ་ལྟར་དུ་སྣང་བས། ང་རང་མི་ཡུལ་དུ་འགྲོ་དུས་རི་མཐོན་པོར་རྟ་ཐོག་དང་ཆུ་ཆེན་པོར་ཟམ་ཐོག་ནས་བསྐྱལ་བའི་ཨ་ཕ་དང་། རང་ཡུལ་དུ་ལོག་དུས་སྔ་དྲོར་ཇ་ཚ་མོ་དང་ཕྱི་དྲོར་ཟས་ཞིམ་པོས་སྒུག་ནས་ཡོད་པའི་ཨ་མ་གཉིས་སྙིང་ནས་དྲན་བྱུང་། 
        རླངས་འཁོར་གྱིས་སྟོན་དབུགས་རྔུབ་བཞིན། སྟོན་ལོ་རྫི་བཞིན་སྟོན་སྒྲུང་འཆད་བཞིན་པའི་མི་རྣམས་དྲུད་དེ་མག་མོག་གི་ཕྱོགས་སུ་རྒྱུག་བཞིན་སྣང་། 
        ང་ཡིས་སྟོན་དུས་ཀྱི་ལམ་དུ་སྟོན་དེབ་ཀློག་བཞིན་དགུན་དུས་བསུ་བཞིན་ཡོད་པས་ཁ་ལོ་བ་ཡིས་གང་དུ་ཁྲིད་ནའང་ཁྲིད་དུ་བཅུག མི་ཚེའི་ལམ་གྱི་བརྒྱུད་རིམ་ནི་ནམ་ཡང་དམིགས་ཡུལ་ལས་གལ་ཆེ་ཞིང་མཛེས་སྡུག་ལྡན་ནོ། ། 
དབྱངས་གསལ་འཚོ།
        བསིལ་རླུང་ཡང་མོར་ལྡང་ཞིང་སྦྲང་ཆར་སིམ་སིམ་འབབ་པའི་དཔྱིད་དུས་ཤིག་ལ། ཀ་ཁའི་སློབ་དཔོན་གྱི་མགྲིན་པའི་འཁོར་ལོ་ནས་ཆུ་ཐིགས་མཚོ་རུ་ལྷུང་བ་ལྟ་བུའི་སྒྲ་དབྱངས་ཤིག་ངའི་རྣ་ལམ་བརྒྱུས་ཏེ་སེམས་སུ་འབབ་དུས། སེམས་ཀྱི་ཁྱེའུ་སྟོན་དུས་ཀྱི་ཟེའུ་འབྲུ་དང་འདྲ་བར་འཛུམ་ཤིག་གེར་ངང་དྲི་ཞིམ་འཐུལ་བྱུང་། 
        རླུང་ཡན་རྩིག་སྲུབས་ན་བཙན་གྱིས་བརྫངས་ཤིང་། ཐལ་རྡུལ་སྒེའུ་ཁུང་ནས་བགས་ཀྱིས་འཛུལ་བའི་སློབ་ཁང་གི་གྱང་ངོས་སུ། ཀ་བ་ལྟ་བུའི་སྣང་བརྙན་ཞིག་མིག་ལམ་དུ་གཟུགས་པའི་ཉིན་དེ་ནས་ལག་པས་གྱེན་དུ་བགྲོད་བྱེད་ཀྱི་འཁར་བ་ཞིག་ལ་རེག་སྣང་ཤར། སྒལ་གཞུང་གིས་བྲག་རི་ཞིག་ལ་བརྟེན་ཚོར་སྐྱེས། 
        ཀན་གཟར་གྱི་རི་བོས་བསྐོར་བའི་ཡུལ་ལུང་ན་ནམ་མཁའ་ནི་ཁང་པའི་རྒྱ་མཐོངས་ཙམ་ལས་མི་མཐོང་མོད། གྲོང་སྟོད་དུ་བཞུགས་པའི་རྒན་པོ་སྨྲ་ར་ཅན་གྱིས་གནམ་ལ་མཛུ་གུ་བཙུགས་ཏེ་ཁྱེད་ནི་མཁའ་མཐའ་འཚོལ་བའི་གཤོག་ཟུང་དང་བྲག་ཐེམ་ལ་འབབ་བྱེད་ཀྱི་སུག་གཉིས་ཡིན་ཟེར་བས། ངས་བྲང་གཞུང་དུ་ཁྱེད་གཉིས་ཀར་དབང་བའི་སྤྱིལ་བུ་ཞིག་བཞེངས་ཏེ་སྒེའུ་ཁུང་ནས་སྒྲ་གདངས་སྙན་པོ་དེ་ལ་རྣ་དབང་གཏད་དུས་ཨ་ཕ་སྤྲོ་བས་འཛུམ་སོང་། སྒོ་ཆེན་ནས་མེ་ཏོག་སྡུག་གུ་དེར་ཅེར་དུས་ཨ་མ་དགའ་བས་མྱོས་མྱོང། 
        རི་འགོར་ལག་མཐིལ་ཙམ་གྱི་སྤང་ལེབ་ཏུ་ལྕི་བ་ནས་བཞད་པའི་མེ་ཏོག་ཁྲོད་གན་རྐྱལ་དུ་ལོག་སྟེ་གནམ་བལྟས་བྱེད་དུས། རི་ཁྲོད་པ་ཞིག་གིས་འདི་ན་མེས་པོ་ཚོས་གཏོར་བའི་མུ་ཏིག་སྦས་ཡོད་ཅེས་པར། ངས་སྒང་སྒང་དུ་ཕོ་ཡི་ཐབས་ཀྱི་འདེགས་འཇོག་བཙལ། གཤོང་གཤོང་དུ་མོ་ཡི་ཤེས་རབ་ཀྱི་མཚེའུ་རྙེད། 
        སྒང་གཤོང་གི་བར་དུ་གུར་དཀར་ཞིག་སྦྲ་ནག་དང་ཆ་བསྒྲིགས་ཏེ་རླུང་ཁར་འདར་བཞིན་སྣང་། སྒོ་ཁ་ནས་རྒྱང་བལྟས་བྱེད་པའི་ལྷ་མོ་ཞིག་དང་ལྷན་དུ་ཐབ་ཀའི་ཟུར་ལ་ལྕི་བའི་མེ་ལྕེ་ལྟ་བུའི་མེས་པོའི་ཤེས་རབ་བསུ། ཁ་བ་ལྟ་བུའི་རིགས་རུས་ཀྱི་རྣམ་ཤེས་མགྲོན་དུ་བོད་པས་ཉིན་མོར་དབུ་མའི་ལམ་གྱི་འཚོ་བ་འཁྱིལ། མཚན་མོར་སྲིད་པའི་ཟེ་བར་སྒྲོན་མེ་འབར། 
        སྦྲ་ནག་ནས་བསླབས་པའི་ལ་གཞས་ངག་ནས་འགུགས་ཤིང་། རྡོ་ཁང་ནས་སྦྱངས་པའི་ཞབས་བྲོ་ལུས་ཀྱིས་འཁྲབ་སྟེ་རི་ཆུ་དང་ནགས་ཀླུང་བར་ཐབས་ཤེས་ཟུང་འཇུག་གིས་བགྲོད་དུས། ཨ་མེས་གདོང་དམར་ཅན་གྱིས་ཁྱེད་ཉིད་བྱང་བུར་ཟིན་བྲིས་སུ་བརྐོས་ཏེ་པོ་ཏིར་བརྩིགས་པ་དང་མཇལ་བྱུང་། ཡང་མེས་ཨག་ཚོམ་ཅན་གྱིས་ཁྱེད་ཉིད་ཤོག་དཀར་གྱི་ངོས་ལ་གཟུངས་སྔགས་སུ་བཏབ་ནས་གླེགས་བམ་དུ་བསྒྲིགས་འདུག་པ་དང་འཕྲད་པས། ཟབ་གསལ་མྱུར་གསུམ་ལས་བྱམས་དང་སྙིང་རྗེ་རྙེད། 
        ཁ་བ་ནི་རླུང་རྟའི་ཚུལ་གྱིས་ཧི་མ་ལ་ཡའི་ཕྱི་ནང་དུ་འཕུར་སྐབས། མི་ཉག་རབ་སྒང་ནས་གཤོག་ཟུང་མཁའ་ལ་བརྐྱངས་ཏེ་མིག་གིས་འཚོ་ཞིང་སེམས་ཀྱིས་དཔྱད་དུས། ཁྱེད་ཉིད་དམིགས་མེད་བརྩེ་བའི་རང་གཟུགས་ཀྱིས་པད་མའི་སྦུབས་སུ་བཞེངས་ལ། དྲི་མེད་མཁྱེན་པའི་རང་གཟུགས་ཀྱིས་རལ་གྲིའི་མེ་ལྕེ་སྦར། ཟླ་མེད་ནུས་པའི་རང་གཟུགས་ཀྱིས་ཕྱག་ན་རྡོ་རྗེ་འཆང་པས་ངས་ཁྱེད་ཀྱི་ནམ་མཁའ་ལ་མཐའ་དབུས་མེད་པ་ཤེས། ཁྱེད་ཀྱི་གནས་ལུགས་ལ་དགྲ་བོས་ཅི་བྱ་མེད་པ་ཚོར། 
        གནས་རྙིང་སེམས་ཀྱིས་མཇལ་བའི་ལམ་དུ། ལ་འགོའི་རུས་པ་དཀར་པོར་ཐོད་པ་གཏུག་བཞིན་ལ་འདབས་ཀྱི་གངས་ཆུ་བསིལ་མ་སྙིམ་པས་མཆོད་བཞིན་ཆུ་སྣ་མང་པོ་འདུས་པའི་ཟམ་ཆེན་ཞིག་གི་ཐོག་ལ་མེས་པོ་འཁར་བ་ཅན་ཞིག་དང་འཕྲད་དུས། སྣང་བ་རུ་མེས་པོ་དེ་ལའང་ཟམ་པ་ཆུ་ཡིས་ཁྱེར་བའི་སེམས་ཁྲལ་ཧ་ཅང་ཆེ་བས་འདོད་པའི་ཁམས་ན་འདོད་དོན་སྒྲུབ། མི་ཡི་ཡུལ་དུ་མི་དོན་གཉེར་ཞེས་པའི་མན་ངག་དྲན་མུར། ངས་རང་ལ་དཔག་པའི་དམ་བཅའི་རི་མོ་ཞིག་ཟམ་པའི་གདན་ལ་བརྐོས་ཡོད། 
        མཁར་ཤུལ་གྱི་རྡོ་ཧྲུལ་བར་ནས་བཞད་པའི་མེ་ཏོག་ཆུང་ངུ་ཞིག་ཁྱེར་ཏེ་གསར་བཞེངས་ཀྱི་མཆོད་རྟེན་དཀར་པོའི་འགྲམ་དུ་བརྒྱུད་དུས། ཤིང་སྡོང་ཞིག་གི་རྩ་ལག་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་དབུ་རུ་རྒྱས་ཤིང་། མཁར་རྫོང་ཞིག་གི་རྨིག་རྩ་ས་རིམ་པ་དགུའི་འོག་ལ་བཏིང་ཡོད་ཀྱང་། ཁྱེད་མེད་ན་བྱང་ཆུབ་ཤིང་ནི་རྐང་འཐུང་ཙམ་དང་པོ་ཏ་ལའང་རྡོ་མཁར་ཙམ་རེད། 
        གླེགས་ཤིང་གི་བར་གསེང་དུ་མེས་པོ་ལ་ཞུ་བ་འབུལ་ཞིང་། གསར་སྐྱེས་ཚོར་རྟེན་འབྲེལ་སྒྲིག་བཞིན་བྱ་རྒོད་ཀྱི་རྗེས་སུ་དག་ཞིང་དུ་འབྱོར། དག་ཞིང་གི་སྒོ་བྱང་དུ་ཁྱེད་ནི་འཇིག་རྟེན་ནང་ཞུགས་ཏེ་འཁོར་བ་བགྲོད་པའི་འཁོར་ལོ་ཡིན་ལ། འཁོར་བ་ལས་བྲལ་ཏེ་རྒྱ་མཚོ་སྒྲོལ་བའི་གྲུ་གཟིངས་ཀྱང་ཡིན་ཞེས་བརྐོས་ཡོད་པ་མཐོང་དུས། ངས་བདེན་བཞིའི་མདུད་པ་ཁྱེད་ཀྱིས་བཀྲོལ་འདོད། འཁོར་འདས་ཀྱི་ས་མཚམས་ཁྱེད་ཀྱིས་གཅོད་སྙམ། 
        འདོད་ཡོན་བསླུ་བྲིད་ཀྱི་སྨུག་ལོང་དུ་དང་ཐོག་གི་ལམ་སྣའང་བོར་ཏེ། ལངས་ཞོར་འགྱེལ་ཞོར་གྱིས་མི་སེམས་ཁ་ཆད་སྣ་ཧྲུལ་དུ་གཏོང་དུས། ཁྱེད་ཀྱི་དབྱངས་རྟ་སྙན་མོས་ཡུལ་གྱར་གྱི་རྣམ་ཤེས་ཕ་ཁྱིམ་མ་གཞིས་ཀྱི་ལམ་དུ་ཁྲིད་འགོ་བརྩམས་པ་ན། གཞི་ནས་རྡོ་རིང་དང་ཅོང་རྙིང་གི་ངོས་ནས། མེས་པོ་ཚོའི་ལུས་ངག་ཡིད་གསུམ་མིག་གིས་འཚོ་ཞིང་རྣ་བས་ཚོར་ལ་སྣ་ཡིས་སྣོམ་ཡོད། 
        ཁང་རྩེག་མཐོན་པོ་དང་འདུ་འཛི་ཆེན་པོ། འགྲན་རྩོད་འཁྲུག་པོའི་རྒྱ་གྲོང་དུ་མྱུལ་མྱུལ་བའི་མཐའ་མར་རང་ངོ་རང་གིས་མི་ཤེས་པར་འཇིགས་ཡེར་བར་གྱུར་དུས། ཉམས་མྱོང་རྒན་པོའི་བྱོན་ལམ་དུ་གཞི་ནས་ཁྱེད་ཀྱི་དྲོད་ཚད་དང་མཐོ་ཚད། ཟབ་ཚད་མཇལ་བས། ད་ནི་ཇི་ལྟར་ཁེར་རྐྱང་དུ་ལྷག་ཀྱང་ཁྱེད་ཀྱི་འཇིག་རྟེན་དུ་འཕེལ་འགྲིབ་དང་ཐོབ་ཤོར། དར་རྒུད་དང་བསྟོད་སྨད་ཀྱི་ཐད་དུ་རང་བློ་རང་ལ་ལྐོག་ཏུ་མ་གྱུར། 
        འཚོ་བའི་དཀའ་སྡུག་ཆུ་ཕྲན་གྱི་རྒྱུན་ལ་ལྷུག་ལྷུག་ཏུ་བརྗོད་ཅིང་། མི་ཚེའི་རེ་འབོད་བསིལ་རླུང་གི་འགྲོས་སུ་ལྷང་ལྷང་གིས་བླངས་ཏེ་སྤང་ནགས་མཚམས་སུ་ཁྱེད་ཉིད་འཚོལ་དུས། གསོམ་སྡོང་དབྱར་སྔོ་དགུན་སྔོ་ཞིག་གི་ཡལ་གར་བབས་པའི་འཇོལ་མོའི་ཁྱུ་ཚོགས་ཀྱིས་ཕན་ཚུན་སྐད་ངག་སྙན་མོས་རྩ་བའི་འབྱུང་ཁུངས་འཆད་བཞིན། གཞུང་རྟའི་གནས་བབ་གླེང་བཞིན། འབྲས་བུའི་འབྱུང་འགྱུར་སྒྲོག་བཞིན་སྣང་། 
        ལག་པས་འཇུ་ས་དང་རྐང་པས་བརྟེན་ས་བྱས་ཏེ་གཙུག་ན་རིན་ཆེན་གྱི་མེ་འབར་ཞིང་། སྙིང་ན་ཞི་བའི་ཟུངས་ཁྲག་བཞུར་བའི་སླད་དུ། ཁྱེད་གཉིས་འཛོམས་ས་དཔོན་པོའི་ཞལ་ལྕེའི་དཀྱིལ་འཁོར་དང་། མི་སེར་གྱི་འགྲོ་འདུག་གི་ཤུལ་ལམ། སྨྱུག་འཛིན་པའི་སྲིད་འབྱོར་གྱི་འཕེལ་ཁ། སྒྱུ་རྩལ་པའི་བརྩམས་ཆོས་ཀྱི་གཞུང་རྟ་ཡིན་དགོས། དེ་མིན་ན་ནམ་ཉི་མ་ཞིག་ལ་ངས་མེ་ལོང་ལ་ཁ་གཏད་དེ་ཕ་སྐད་བཤད་དགོས་ན་ཇི་འདྲའི་ངོ་ཚ་བ་ལ་ཨང་། 
        རིགས་ཀྱི་གཟི་བརྗིད་རྒྱན་དུ་སྤྲས་ཤིང་རུས་ཀྱི་ངོ་ཚ་མཆན་དུ་བཅུག་ནས་རྒྱུ་འབྲས་ཀྱི་གོ་མ་ལྡོག ལམ་གྱི་འགྲོས་མ་འཁྱོར་བར་དགའ་དུས་ཁྱེད་ཀྱི་དྲུང་དུ་སྤྲོ་གླུ་ལེན། སྐྱོ་དུས་ཁྱེད་ཀྱི་རུམ་དུ་ངུ་འབོད་བྱེད་དུས། གཞི་ནས་ཁྱེད་ཡོད་པས་ང་ནི་ད་གཟོད་ང་རང་ཉིད་དུ་ཆགས་པའི་གནས་ལུགས་རྙེད་བྱུང་། མ་གཞིར་རང་གི་བདེ་སྡུག་ཁྱེད་ལ་འགེལ་ཞིང་། ཁྱེད་ཀྱི་ན་ཟུག་རང་གིས་ཁུར་དུ་བླངས་པའི་ལམ་དེ་ཀུན་གྱིས་ཡིད་སྨོན་ཤོར་བ་ཞིག་ཡིན་མི་སྲིད་མོད། དེ་ནི་ཁོ་བོའི་རྐང་ཟུང་དང་འཕྲོད་པའི་ལམ་ཞིག་ལགས་པས། ང་ནི་ཤིའང་གསོན་ཡང་ཁྱེད་ཉིད་འཚོ་རྒྱུ་ཡིན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1