རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གཏོང་རྒྱ་ཆེ་རུ་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-13


ཚན་རིག་ཞིབ་འཇུག་ཁང་དང་ཏང་གི་སློབ་གྲྭ་སོགས་ཀྱི་དཀའ་ངལ་ཡོད་པའི་སློབ་མས་ཀྱང་རེ་ཞུ་བྱས་ཆོག་པ། 
        ནོར་སྲིད་པུའུ་དང་། སློབ་གསོ་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། དངུལ་ཁང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་བྱས་ཏེ་བརྡ་ཁྱབ་བཏང་ནས་མཐོ་རིམ་སློབ་གསོའི་སློབ་མར་རོགས་དངུལ་སྤྲོད་པའི་ལས་དོན་སྒྲུབ་ཤུགས་ཆེ་རུ་དང་ཚད་ལྡན་དུ་སྔར་ལས་ལྷག་པར་གཏོང་ཞིང་། སློབ་མར་རོགས་དངུལ་སྤྲོད་པའི་སྲིད་ཇུས་དོན་ཐོག་ཏུ་དངོས་སུ་འཁྱོལ་བར་འགན་སྲུང་བྱས་པ་རེད།
        བརྡ་ཁྱབ་ཏུ་ཚན་རིག་ཞིབ་འཇུག་ཁང་དང་། ཏང་གི་སློབ་གྲྭ སྲིད་འཛིན་སློབ་གླིང་། རྩིས་གཉེར་སློབ་གླིང་སོགས་ཞིབ་འཇུག་སློབ་མ་གསོ་སྐྱོང་ལས་ཁུངས་ཀྱིས་བླང་བྱར་གཞིགས་ནས་ཞིབ་འཇུག་སློབ་མར་བྱ་དགའི་རོགས་དངུལ་སྤྲོད་རྒྱུའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་ཆ་རྐྱེན་འཛོམས་པའི་ཞིབ་འཇུག་སློབ་མ་ཚང་མས་འོས་བབ་ཀྱི་རོགས་དངུལ་ལོངས་སྤྱོད་བྱེད་ཐུབ་པའི་འགན་སྲུང་བྱ་དགོས་ཤིང་། ཆད་ལུས་མེད་པར་བྱ་དགོས། མཁོ་བའི་མ་དངུལ་རྣམས་ད་ལྟ་ལག་བསྟར་བྱེད་བཞིན་པའི་གཏན་འབེབས་དང་ཐབས་ལམ་ལྟར་ཐག་གཅོད་བྱ་རྒྱུ་དང་། ཚན་རིག་ཞིབ་འཇུག་ཁང་སོགས་གསོ་སྐྱོང་ལས་ཁུངས་ཀྱིས་སྔོན་རྩིས་དོ་དམ་བྱ་རིམ་ལྟར་སྔོན་རྩིས་སྒྲིག་འགོད་བྱ་དགོས་པ་མ་ཟད། བྱ་གཞག་གི་ཡོང་འབབ་དང་། སྤྱི་ཚོགས་ཀྱིས་རོགས་སྐྱོར་ཞལ་འདེབས་བྱས་པ་སོགས་ཀྱི་མ་དངུལ་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་བྱས་ཏེ་ཁྱིམ་དུད་ཀྱི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བླང་བྱ་བཏོན་པ་རེད། 
        དེ་དང་དུས་མཚུངས་སུ་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གཏོང་བའི་ལས་སྒོའི་ཁྱབ་རྒྱ་སྔར་ལས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གཏོང་རྒྱ་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏོང་དགོས། ཚན་རིག་ཞིབ་འཇུག་ཁང་དང་། ཏང་གི་སློབ་གྲྭ སྲིད་འཛིན་སློབ་གླིང་། རྩིས་གཉེར་སློབ་གླིང་སོགས་མིག་སྔར་ད་དུང་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གཏོང་བའི་ལས་སྒོ་སྒྲུབ་འགོ་ཚུགས་མེད་པའི་གསོ་སྐྱོང་ལས་ཁུངས་ཀྱིས་2017ལོའི་སྟོན་དུས་ཀྱི་སློབ་འགོ་འཛུགས་དུས་ལས་སྒོ་འདི་ཉིད་ཕྱོགས་ཡོངས་ནས་སྒྲུབ་འགོ་འཛུགས་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1