༄༅།། རྒྱ་བོད་ལོ་ཙཱའི་ཚད་གཞི་གཅིག་གྱུར་ཡོང་ཐབས་ཀྱི་ སྐོར་རོབ་ཙམ་གླེང་བ།

ཀུན་ཐར་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-24


དང་པོ། 《 སྒྲ་སྦྱོར་བམ་པོ་གཉིས་པ།》རུ་བོད་ཀྱི་ལོ་ཙཱའི་ཚད་གཞི་ཐོག་མ་བྱུང་བ།
        དེ་ཡང《སྒྲ་སྦྱོར་བམ་པོ་གཉིས་པ།》ནི་“བོད་དང་རྒྱ་གར་གྱི་མཁན་པོ་ཐམས་ཅད་ཀྱིས་ཆོས་སྐད་གཏན་ལ་ཕབ་སྟེ། རྗེ་བློན་མོལ་ནས་རེག་ཟིག་མཛད་པ། སྐད་གསར་བཅད་ཀྱི་མིང་སྔོན་མ་ཐོགས་པ་དང་། གཏན་ལ་མ་ཕབ་པ། མཁས་པ་རྣམས་འཚོགས་ཏེ་མིང་དུ་བཏགས་ཤིང་གཏན་ལ་ཕབ་སྟེ་”གྲུབ་པ་ད་ལྟའི་ཆར་ཡང་ང་ཚོའི་མིག་གི་མཐོང་ཡུལ་དུ་གྱུར་ཞིང་། འདི་རུ་ལོ་ཙཱའི་ལག་ལེན་དངོས་ལ་སྨན་པའི་སྒྱུར་ཐབས་དམ་པ་བཞི་དང་ལོ་ཙཱའི་ཚད་གཞི། ཆོས་ཀྱི་གཞུང་བསྒྱུར་བར་དོ་སྣང་དང་མཉམ་འཇོག་དགོས་ས་བཞི་སོགས་དངོས་ཤུགས་གང་རུང་གིས་བསྟན་པ་ཡང་ལོ་ཙཱའི་རིག་ཚན་འདི་ཉིད་བོད་རང་སའི་རིག་གནས་འཕེལ་རྒྱས་ཀྱི་མཆོང་བསྐྱོད་ཆེན་མོ་ཞིག་ལ་ཅིས་ཀྱང་ངོས་འཛིན་བྱེད་ཆོག་པར་འདོད། 《 སྒྲ་སྦྱོར་བམ་པོ་གཉིས་པ།》རུ་བསྟན་པའི་ལོ་ཙཱའི་ཚད་གཞིའི་སྐོར་ལ“དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག་”ཅེས་འཁོད་ཡོད་པ་དེ་བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་སྟེང་གི་ལོ་ཙཱའི་ཚད་གཞི་ཆེས་ཐོག་མ་རུ་གྱུར་པས་འདི་ལ་གནའ་དེང་གི་ལོ་ཙཱ་སྨྲ་བ་ཀུན་གྱིས་གདེང་འཇོག་མི་དམན་པ་གནང་མུས་སུ་ཡོད་མོད། འོན་ཀྱང་ཚད་གཞི་འདི་ལ་བརྗོད་བྱའི་མཚོན་དོན་གྱི་དབྱེ་སྟངས་ཐད་ལ་སྤྱིའི་ཆ་ནས་བཞེད་པ་མི་མཐུན་པ་གཉིས་ཡོད་དེ། སྤྱི་ལོ1581ལོར་འབྲུག་པ་པདྨ་དཀར་པོས་(1527ནས1592)《 ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད།》 (ཡོངས་གྲགས་སུ་《འབྲུག་པའི་ཆོས་འབྱུང་།》དུ་འབོད)དུ། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་སྒྲ་དང་མཐུན་ལ། དོན་དང་ཡང་མི་འགལ་ལ། བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག”ཅེས་པ་ལས་སྒྲ་དང་མཐུན་ཞེས་པར་ཚིག་དོན་གསེད་བཀྲོལ་བྱེད་ན་དོན་གཉིས་སུ་འདུས་ཏེ། གཅིག་ནི་བྱཱཀརཎའི་ལུགས་ཏེ་རྒྱ་གར་གྱི་སྒྲ་རིག་པའི་གཞུང་དང་མཐུན་དགོས་པ་དང་ཅིག་ཤོས་ནི་བོད་རང་གི་སྐད་ཆའི་བརྡ་སྤྲོད་ཀྱི་ལུགས་དང་མཐུན་དགོས་པ་དེ་ཡིན།
གཉིས་པ། ལོ་ཙཱའི་ཚད་གཞི་དང་རྩ་དོན་ནི་བྱེད་ནུས་དང་ངོ་བོའི་སྟེང་ནས་ཁྱད་པར་ཡོད་པ།
        ལོ་ཙཱའི་ཚད་གཞི་ནི་ལོ་ཙཱའི་ལག་ལེན་དངོས་ཀྱི་ཁྲོད་ངེས་པར་དུ་བརྩི་མཐོང་བྱ་དགོས་པའི་སྲུང་བྱ་དང་འགྱུར་མའི་ལེགས་ཉེས་ལ་ཚད་འཇལ་བར་བྱེད་པའི་གཞི་རྟེན་ཡིན་པས། ལོ་ཙཱའི་རིག་ཚན་གྱི་དར་རྒུད་ཀྱི་འགྲོས་དང་བསྟུན་ནས་འགྱུར་ལྡོག་འབྱུང་ངེས་ལ་ལོ་ཙཱའི་ལས་རིགས་སྤྱི་དར་བར་བྱེད་པའི་རྟེན་ལྟ་བུ་དང་ལོ་ཙཱའི་རྩ་དོན་ནི་ཡིག་སྒྱུར་གྱི་ལག་ལེན་དངོས་ལ་མ་ཞུགས་པའི་སྔོན་འགྲོ་ཡི་སྐབས་སུ་བརྩི་སྲུང་བྱ་དགོས་པའི་སྒྲིག་སྲོལ་ལྟ་བུ་ཡིན་སྟབས། མ་ཡིག་གི་དོན་གསལ་པོར་སྟོན་རྒྱུ་དང་བརྗོད་བྱ་འབྲེལ་ཆགས་པར་བྱ་རྒྱུ་ནི་སྲུང་བྱ་གཙོ་བོ་ཡིན་པས་ལོ་ཙཱའི་ལས་རིགས་སྤྱི་ལ་ཁྱབ་པའི་ཆོས་ཉིད་དེ་སྲོག་ལྟ་བུ་ཡིན། ལོ་ཙཱའི་ཚད་གཞི་གཏན་འབེབ་བྱེད་པར་འགྱུར་ཡིག་གི་ཀློག་པ་པོ་དང་འབྲེལ་བའི་སྤྱི་ཚོགས་ཀྱི་ཁོར་ཡུག ཤེས་བྱའི་གནས་ཚད། མི་གཞིའི་བློ་སྦྱོང་། ཡུལ་སྲོལ་གོམས་གཤིས་སོགས་ལ་དམིགས་པའི་ཡུལ་བབ་དང་བསྟུན་པའི་ཚད་གཞི་གཏན་ལ་ཕབ་སྟངས་ཤིག་དང་། མ་ཡིག་གི་ངོ་བོའི་སྟེང་ནས་ཚད་གཞི་གཏན་ལ་ཕབ་སྟངས་ཤིག་ཡོད་རྐྱེན་རྒྱལ་ཁབ་ཕྱི་ནང་གི་ལོ་ཙཱ་སྨྲ་བ་ཀུན་གྱིས་ཀྱང་ཚད་གཞི་མི་འདྲ་བ་རབ་དང་རིམ་པ་མང་པོ་བཏོན་འདུག ཡིན་ཡང་དེང་གི་དུས་སུ་ལོ་ཙཱའི་རྩ་དོན་དང་ཚད་གཞི་གཉིས་གཞི་གཅིག་ལ་སྦྱོར་བའམ་གཅིག་གིས་ཅིག་ཤོས་ཀྱི་ཚབ་བྱེད་རུང་བར་འདོད་མཁན་ཡང་མངོན་སུམ་དུ་མཐོང་རྒྱུ་ཡོད་དེ། 《 ཕྱི་ཡོང་ཡིག་འབྲུའི་བསྡུས་མིང་གི་ལོ་ཙཱའི་ཐབས་ལམ་ལ་དཔྱད་པ་ཉི་གཞོན་འདྲེན་པའི་སྐྱ་རེངས།》ལས་ལ་ལས་ལོ་ཙཱའི་རྩ་དོན་གླེང་སྐབས་ཚད་གཞི་རྟོགས་དཀའ་བ་དང་། ལོ་ཙཱའི་ཚད་གཞི་གླེང་སྐབས་ལོ་ཙཱའི་རྩ་དོན་ཡལ་བར་དོར་བ། ཡང་འགའ་ཞིག་གིས་ལོ་ཙཱའི་རྩ་དོན་དང་ཚད་གཞི་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར”འདོད་པ་སོགས་དང་། དོན་གྲུབ་རྒྱལ་གྱིས་མཐའ་གཅིག་ཏུ་རྩ་དོན་ཞེས་པའི་བརྡ་ཆད་སྤྱད་པ་ཡང་དོན་གྱིས་ཚད་གཞི་དང་རྩ་དོན་གཉིས་ཉ་ཉུང་མཉམ་བསྲེས་ཁོ་ནའི་དབང་དུ་སོང་བའི་ཚུལ་འདུག་སྟེ། སྐབས་དེ་ནི་རྒྱ་གར་གྱི་ནང་བསྟན་རིག་གནས་བོད་ལ་ནང་འདྲེན་གྱི་གཞི་རྒྱ་ཆེས་ཆེ་བའི་དུས་སྐབས་ཤིག་ཡིན་པས་སྲིད་གཞུང་གིས་ཆེད་དམིགས་ཀྱི་སྒྲ་སྒྱུར་གླིང་བཙུགས་པ་ལ་བརྟེན་ནས་དམ་པའི་ཆོས་བསྒྱུར་བའི་ལུགས་ནི་ཅིས་ཀྱང་ལས་གཞི་གལ་འགངས་ཆེ་ཤོས་སུ་བརྩིས་ཡོད་པ་ནི་དེང་གི་བཀའ་བསྟན་གྱི་འགྱུར་བྱང་ལས་ཀྱང་རྟོགས་ཐུབ་ལ། སྤྱི་ཚོགས་ཀྱི་གནས་བབ་དེ་ལྟ་བུ་རྐྱེན་བྱས་ནས་ལོ་ཙཱའི་ལས་རིགས་རྒྱ་ཆེར་དར་བའི་དུས་ལ་ལོ་ཙཱའི་ཚད་གཞི་ཞིག་ཀྱང་འབྱུང་སྲིད་པ་བཞིན། 《 སྒྲ་སྦྱོར་བམ་པོ་གཉིས་པ།》རུ། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཨཱ་ཙརྱ་བོ་དྷི་སཏྭ་དང་། ཡེ་ཤེས་དབང་བོ། ཞང་རྒྱལ་ཉེན་ཉ་བཟང་། བློན་ཁྲི་བཞེར་སང་ཤི། ལོ་ཙྪ་བ་ཛྙཱ་ན་དེ་བ་ཀོ་ཥ། ཅེ་ཁྱི་འབྲུག བྲན་ཟེ་ཨ་ནནྟ་ལ་སོགས་པས་ཆོས་ཀྱི་སྐད་བོད་སྐད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱཀརཎའི་སྒྲའི་ལུགས་དང་མི་མཐུན་ཏེ། བཅོས་མི་རུང་བ་རྣམས་ཀྱང་བཅོས་”ཞེས་པ་ལས་ཀྱང་སྔ་འགྱུར་ལས་བྱཱཀརཎའི་སྒྲའི་ལུགས་དང་མི་མཐུན་པའི་མིང་དག་སླར་བཅོས་ཞིང་བསྒྱུར་བར་བཤད་ཡོད་པ་ལས་འགྱུར་གྱི་ལེགས་ཉེས་སྟོན་པ་གོ་བས་དེ་ལ་རྩ་དོན་ཞེས་བརྗོད་གཞི་དང་འགལ་བའི་མིང་བརྡས་མཚོན་པའང་ནོར་འཛོལ་བྱུང་འདུག་སྙམ། དེ་ཡང་《སྒྲ་སྦྱོར་བམ་པོ་གཉིས་པ།》རུ་བཀོད་པའི་ལོ་ཙཱའི་ཚད་གཞི་དེ་རྩ་དོན་དུ་བརྗོད་མཁན་དང་ནང་དོན་ལ་གཉིས་སམ་གསུམ་དུ་དབྱེ་བ་ཅི་རིགས་ཤིག་སྣང་མོད། འོན་ཀྱང་རྩ་དོན་གྱི་ཡོངས་ཁྱབ་རང་བཞིན་དང་ཚད་གཞིའི་སྣ་མང་རང་བཞིན། སྤྱི་དང་བྱེ་བྲག་གི་ཁྱད་པར་ནི་དུས་ཀྱི་རྒྱུན་ཇི་ཙམ་རིང་ཡང་ཕན་ཚུན་བསྲེས་ཐབས་མེད་པ་ཞིག་ཡིན་པས། རྩ་དོན་ནི་ཚད་གཞི་ལ་མ་འདྲེས་པ་ཞིག་དང་ཚད་གཞི་ནི་རྩ་དོན་ལ་མ་ནོར་བ་ཞིག་བྱེད་རྒྱུ་ནི་ཤིན་ཏུ་གཙོ། ལར་དེང་གི་དུས་སུ་སྤྱི་ཚོགས་ཀྱི་དགོས་མཁོ་དང་རིག་གནས་ཀྱི་འཛུགས་སྐྲུན་སོགས་ལ་དམིགས་ནས་རྒྱ་བོད་ལོ་ཙཱའི་ལས་རིགས་ཀྱང་ཡར་ངོའི་ཟླ་བཞིན་འཕེལ་ཡང་དེར་ནག་ནོག་གི་དྲི་མས་མ་གོས་པ་ལྟ་བུ་ཞིག་ཡེ་ནས་མ་ཡིན་ཏེ། མ་མཐའ་ཡང་ལོ་ཙཱའི་བྱེད་སྒོ་ཡི་སྙིང་པོ་ལྟ་བུ་ཆགས་པའི་ཚད་གཞི་ལ་གཅིག་གྱུར་གྱི་ལྟ་བ་གཏན་ཁེལ་བྱུང་མེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1