༄༅།།མེ་ཏོག་རྐང་གཅིག

རྨེ་རུ་མགོན་པོ་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-02


                   རྨེ་རུ་མགོན་པོ་སྐྱིད།   



ན་ནིང་ས་བོན་གསོན་པོ་ཞིག
རེ་བཞག་དང་མཉམ་དུ།
ཁྱིམ་གྱི་ཉི་སྟེགས་སུ།
ཆུ་ལུད་ཀྱི་འཛོམས་པ་ཡག་མོའི།
རྫ་བུམ་ཆུང་ཆུང་ཞིག་ལ་གཏེར་དུ་སྦས་ཡོད།
ད་ལོ་དཔྱིད་ཟླ་མགོ་མ་ཚེས་དུས།                                                     
ཁྱེད་རང་ངའི་གཡང་ཁྱིམ་གྲུ་བཞི་རུ།
མཛེས་སྡུག་དང་དྲི་བསུང་བསྣམས་ནས།
ལྷོད་ཀྱིས་བཞད་ཁ་ཕྱེ་བྱུང་།
དམར་ལ་དཀར་ཤ་རྒྱས་པ།
གཞོན་ནུ་མའི་མཁུར་ཚོས་བཞིན།
ཕྲ་ཞིང་རིང་བའི་གཞུང་རྟ་ལ།
ལྗང་མདོག་གི་ལོ་འདབ་ཀྱིས་བརྒྱན།
རྒྱུ་སྐར་དབུས་ཀྱི་ཟླ་བ་བཞིན།
ངའི་ཡིད་ཀྱི་ཀུ་མུད་ཡང་ཁྱོད་དང་ལྷན་དུ།
སྤྲོ་འཛུམ་གྱིས་འདབ་མ་གྲོལ་བྱུང་།
བསིལ་རླུང་འཇམ་པོ་དྲ་མ་ནས་ལྡང་ཚེ།
ཁྱེད་ནི་སྒེག་ལྡན་གྱི་གར་མ་བཞིན།
ང་ལ་ཟུར་མིག་དང་འཛུམ་ཆུང་སྟོན་ཡོང་།
གསེར་མདོག་གི་ཟེའུ་འབྲུ་ཁུར་བའི་ཁྱོད་རང་།
ངའི་ཡིད་ཀྱི་ཞིང་ས་ནས་ཁོ་ལག་རྒྱས་དུས།
བདག་ཡིད་ཀྱི་འཚོ་བའི་མཁའ་དབྱིངས་ལ།
མཚར་སྡུག་གི་འཇའ་རིས་བྲིས་བྱུང་།
རེ་འདུན་དང་དུངས་སྣང་ལྷག་མ་ཞིག་གིས།
བདག་གི་ཕུགས་བསམ་ལ་རྒྱགས་ཕྱེ་བསྐྲུན་ཡོང་།
ལང་ཚོ་དང་མཛེས་སྡུག་དྭངས་གཙང་ཞིག་གིས།
ང་ཡི་མི་ཚེ་ལ་མདུན་སྐྱོད་ཀྱི་གསོན་ཤུགས་གནང་བྱུང་།
ཁྱིམ་གྱི་ཉི་སྟེགས་སུ།
ཡིད་འོང་གིས་བཞད་པའི་ཁྱོད་རང་།
མ་གཞི་ངའི་འཚོ་བའི་ཁ་དོག་དང་།
སྙན་ངག་གི་བླ་སྲོག་ཡིན་འདུག
                   ༢༠༡༧   ༣  ༢༩
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1