༄༅།།ང་ནི་བུད་མེད་ཅིག་ཡིན།

རྨེ་རུ་མགོན་པོ་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-02


             རྨེ་རུ་མགོན་པོ་སྐྱིད། 


ང་ནི་བུད་མེད་ཅིག་ཡིན།
གཤིས་བཟང་བལ་ཁ་ལས་འཇམ་པའི་བུད་མེད་ཅིག་ཡིན།
བརྩེ་བ་མཚོ་མོ་ལས་ཟབ་པའི་བུད་མེད་ཅིག་ཡིན།
སྐྱེས་པ་མི་འདོད་བུད་མེད་མེད་ཟེར་བ་བདེན་མོད་ཀྱང་།
ང་ལ་མཁོ་བ་ནི་ཁྱེད་ཀྱི་མཆུ་སྒྲོས་ཁོ་ན་མ་ཡིན་ཏེ།
ཨ་གསར་དང་ཁ་ཡག་ཀྱང་དེ་བས་མིན་ལ།
འཐམ་འཁྱུད་དང་འདོད་སྤྱོད་ཁོ་ན་ཙམ་ཞིག་ཀྱང་ག་ལ་ཡིན་ཨང་།
དོན་ངོ་མར་བཤད་ན།
ང་ལ་མཁོ་བ་ནི་ཁྱེད་ཀྱི་དྭངས་གཙང་དང་།
བསླུ་བྲིད་ཀྱིས་མ་གོས་པའི་སེམས་པ་དེ་ཡིན་འདུག

ང་ནི་བུད་མེད་ཅིག་ཡིན།
ལང་ཚོ་ཡི་འདབ་ལག་གྲོལ་བའི་བུད་མེད་ཅིག་ཡིན།
དུས་རབས་ཀྱི་འཕེལ་འགྲོས་ལ་ཕྱོགས་པའི་བུད་མེད་ཅིག་ཡིན།
ང་ནི་ཁྱེད་ལ་དུངས་ཟེར་བ་བདེན་མོད་ཀྱང་།
ང་ལ་མཁོ་བ་ནི་ཁྱེད་ཀྱི་དབང་ཐང་ཁོ་ན་མ་ཡིན་ཏེ།
རྒྱུ་ནོར་དང་ལོངས་སྤྱོད་ཀྱང་དེ་བས་མིན་ལ།
བཟོ་ལྟ་དང་མཚན་སྙན་ཁོ་ན་ཙམ་ཞིག་ཀྱང་ག་ལ་ཡིན་ཨང་།
དོན་ངོ་མར་བཤད་ན།
ང་ལ་མཁོ་བ་ནི་ཁྱེད་ཀྱི་སྙིང་རུས་དང་།
སྤོབས་པས་བཏེགས་པའི་གོམ་སྒྲ་དེ་ཡིན་འདུག

ང་ནི་བུད་མེད་ཅིག་ཡིན།
མཐོ་སྒང་གི་བརྩེ་བ་རུམ་ལ་བཅུག་པའི་བུད་མེད་ཅིག་ཡིན།
དབྱངས་གསལ་གྱི་སྡེབ་སྦྱོར་ངག་ན་ཁྲོལ་བའི་བུད་མེད་ཅིག་ཡིན།
ང་ཡིས་ཁྱེད་རང་དྲན་ཟེར་བ་བདེན་མོད་ཀྱང་།
ང་ལ་མཁོ་བ་ནི་ཁྱེད་ཀྱི་མཛའ་འཕྲིན་ཁོ་ན་མ་ཡིན་ཏེ།
ཁ་པར་དང་ལེགས་སྐྱེས་ཀྱང་དེ་བས་མིན་ལ།
མེ་ཏོག་དང་རྒྱན་ཆ་ཁོ་ན་ཙམ་ཞིག་ཀྱང་ག་ལ་ཡིན་ཨང་།
དོན་ངོ་མར་བཤད་ན།
ང་ལ་མཁོ་བ་ནི་ཁྱེད་ཀྱི་རིགས་ཞེན་དང་།
སྦྲགས་སྐད་ཀྱིས་མ་སླད་པའི་སྙིང་གཏམ་དེ་ཡིན་འདུག
   
     ༢༠༡༧ལོའི་ཟླ་༤བའི་ཚེས་༡༠ཉིན་ཅོ་ནེ་ནས།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1