༄༅།།ཧོར་བྲག་མགོ་ཞེས་པའམ་ར་དབུ་ཞེས་པའི་ཐ་སྙད་ཀྱི་སྐོར་ཅུང་ཟད་བཤད་པ།

ཆོས་དཔལ་བཟང་པོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-08


        ར་དབུ་ཞེས་པ་དེར་དོན་གཅིག་མིང་གི་རྣམ་གྲངས་དྲུག་ཙམ་བྱུང་ཡོད་ལ། མིང་མི་འདྲ་བར་གོ་ནོར་ཤོར་བ་དང་བསམ་གཟས་ནས་དམིགས་ཡུལ་ཉི་ཚེ་བ་རེའི་དབང་གིས་འཁྱོགས་བརྗོད་བྱས་པའང་དུ་མ་ཡོད་པར་འདིར་གོ་རིམ་བཞིན་བསྒྲིགས་ཤིང་འགྲེལ་བཤད་གོ་བདེ་རེ་རྒྱག་པར་འདོད་དེ།
        ཐོག་མ་ནི་ར་དབུ་ཞེས་པ་ཡིན་ཏེ། བོད་ཀྱི་བརྡ་རྙིང་དང་དེང་སང་ཁམས་མི་ཉག་གི་སྐད་སོགས་སུ་ར་ཞེས་པ་ནི་རྡོའམ་བྲག་གི་དོན་ཡིན་ལ། དབུ་ནི་བརྡ་རྙིང་དང་བོད་ཀྱི་ཞེ་ཚིག་གཉིས་སུ་གཅིག་མཐུན་གྱིས་མགོ་ཞེས་པའི་དོན་ཡིན། ཞོར་ནས་བཤད་འདོད་པ་ཞིག་ལ་ད་ལྟའི་ཞེ་ཚིག་དག་ནི་སྔོན་གྱི་བརྡ་རྙིང་ལས་ཕོ་བྲང་ནང་གི་སྐད་ཆའམ་མི་དྲག་ཚོའི་སྐད་ཆ་ཡིན་སྟབས། ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད།
        གཉིས་པ་ནི་བྲ་དབུ་ཞེས་པའམ་བྲག་དབུ་ཞེས་པ་ཡིན་ཏེ།  བྲ་ཞེས་པའི་ཐ་སྙད་དེ་འབྲོག་སྐད་དུ་སྦྲ་ཞེས་འདོན་གྱི་ཡོད་དེ། དཔེར་ན། དངོས་པོ་ཞིག་སྦྱིན་བྲ་འམ་མི་བྲ་ཞེས་པར་སྦྱིན་སྦྲའམ་མི་སྦྲ་ཞེས་ཟེར་གྱི་ཡོད་ལ། བྱང་བླ་བྲང་དགོན་ཞེས་པར་བླ་སྦྲང་དགོན་ཞེས་ཟེར་གྱི་ཡོད་ཅིང་། དྲི་མ་ཞིག་བྲོ་བྱུང་ཞེས་པར་དྲི་མ་ཞིག་སྦྲོ་བྱུང་ལྟ་བུ་བྱུང་གི་ཡོད། ཡིན་ནའང་། འདིའི་སྦྲ་ཞེས་པའི་ཐ་སྙད་འདི་ཡིན་གཅིག་མིན་གཉིས་བ་ར་ཞེས་པའི་ཐ་སྙད་གཉིས་མྱུར་སྟབས་ཀྱིས་བཏོན་པ་ཞིག་ཡིན་དགོས་ཀྱི། པྲ་དང་བསྒྲ་སོགས་ཀྱི་སྒྲ་དང་འདྲ་བ་ཐོན་མི་རུང་། དབུ་ནི་གོང་ལྟར་མགོ་ཡི་དོན་ཡིན།       དེ་བཞིན་དུ་བྲག་དབུ་ཞེས་པའང་གཅིག་མཚུངས་ཡིན་དེ། སྒྲ་འདོན་སྟངས་སྦྲག་དབུ་ཞེས་པ་ཡིན་ཞིང་། ཕྱིས་ཀྱི་བྲག་རི་ཞེས་པའི་བྲག་གི་འགྱུར་ཐོག་མ་ཡིན་ཞིང་། འདིའི་སྟེང་ནས་བོད་ཀྱི་སྐད་ཡིག་འཕེལ་འགྱུར་གྱི་གོ་རིམ་ཞིག་མཐོང་ཐུབ་ཀྱི་ཡོད། གཞན་བོད་བཙན་པོའི་སྐབས་ཏེ་རྒྱའི་སུང་རྒྱལ་རབས་སྐབས་ཀྱི་ཡིག་ཚང་དང་ས་ཁྲ་རུ་ད་ལྟའི་ཁམས་བྲག་མགོ་རྫོང་གི་ས་ཆ་འདི་དག་ལ་ན་དབུ་ཞེས་པའི་སྒྲ་ཐོན་ཡོད་ཅིང་། རྒྱའི་སྐད་དུ་ར་ཞེས་པའི་སྒྲ་ཐོན་མ་ཐུབ་པས་ན་ཞེས་བྲིས་པ་ཡིན་རུང་། དོན་དུ་ར་དབུའམ་བྲ་དབུ་ཞེས་པ་སྟོན་གྱི་ཡོད་དེ།  དེང་སང་ད་རུང་བྲ་དབུ་ཞེས་བྲག་མགོ་རྫོང་དང་ཐག་མི་རིང་བའི་ཡུལ་ན་ས་ཆ་དེ་འདྲ་ཡོད་ཅིང་། ཡུལ་མིང་རུས་ལ་འགྱུར་ནས་བྲ་དབུ་པ་ཞེས་པའང་བྱུང་ཡོད།
        གསུམ་པ་ར་ཧོར་ཞེས་པ་ཡིན་ཏེ། དེང་སང་ཁ་ཅིག་གི་ར་ཧོར་ཞེས་པ་ནི་སོག་སྐད་ཅིག་ཡིན་པར་བཤད་ཀྱིན་ཡོད་རུང་། དེ་ནི་བོད་ཀྱི་བརྡ་རྙིང་པར་རྒྱུས་མངའ་མེད་པའི་རྟགས་ཤིག་ཡིན་ལ། སོག་སྐད་དུ་ར་ཞེས་པ་བྲག་གི་དོན་ཡིན་པར་ཧ་ལས་རྒྱུ་གང་ཡང་མེད་དེ། བོད་ནི་ཤར་ཕྱོགས་ཨེ་ཤེ་ཡའི་རྒྱལ་ཁབ་དང་མི་རིགས་མང་པོ་ཞིག་གི་མགོ་ཁུངས་ཡིན་ལ། སོག་པོ་སོགས་ཁྱིམ་མཚེས་མི་རིགས་ཀྱིས་ང་ཚོའི་གནའ་སྐད་གཡར་ཡོད་པའི་སྣང་ཚུལ་ནི་ཆེས་རྒྱུན་ལྡན་ཞིག་ཡིན། དེ་བཞིན་དུ་ཧོར་ཞེས་པའི་ཐ་སྙད་དེ་ར་དབུ་ཞེས་པའི་དབུ་ཡི་སྒྲ་འགྱུར་སོང་བ་ཞིག་ཡིན་གྱི། དབུགས་གཏོང་བའི་དོན་ཡིན་པའི་ཤོད་སྟངས་དེ་དེང་སང་གི་སྐད་ཀྱིས་ཨུ་ཚུགས་ཀྱིས་འགྲེལ་ལོག་བརྒྱབ་པ་ཡིན་ལ། དེ་ལྟར་བྱས་པ་ནི་ཧོར་ཞེས་པའི་ཐ་སྙད་དེ་བོད་སྐད་དག་མ་ཡིན་པར་བསྒྲུབས་ཁུལ་གྱི་དམིགས་ཡུལ་ཉི་ཚེ་བའི་དགོས་དབང་གི་ཆེད་དུ་ཡིན་རུང་། དོན་དུ་ལོ་རྒྱུས་ཀྱི་རིན་ཐང་ཇེ་ཆུང་དུ་བཏང་བ་དང་ཐ་སྙད་ཀྱི་ཚེ་ཚད་ཇེ་ཐུང་དུ་བཏང་བ་ལས་གང་ཡང་མེད། གཞན་ཧོར་ཞེས་པ་ནི་སོག་པོ་ཞེས་པའི་དོན་ཡིན་ཞེས་པའི་ཤོད་སྟངས་ནི་ཆབ་སྲིད་ཉི་ཚེ་བ་གཞན་ཞིག་གི་དམིགས་ཡུལ་དང་དགོས་པའི་དབང་གིས་ཡིན་དེ། ས་གནས་དེ་དག་གནའ་ནས་དེང་གི་བར་ཏུ། རྒྱལ་སྲིད་ཆེན་པོ་ཞིག་གི་ཁ་འོག་ནས་འཆོར་མ་མྱོང་བའི་སྒྲུབ་བྱེད་ཨུ་ཚུགས་ཀྱིས་བཙལ་བ་ཡིན་གྱི། གནས་ལུགས་དང་མཐུན་པའི་སྐད་ཆ་གང་ཡང་མིན། གཞན་དེང་སང་ལོ་རྒྱུས་སྨྲ་བ་ཁག་ཅིག་གིས་ནི་ཧོར་ཞེས་པའི་ཐ་སྙད་དེ་དབུགས་གཏོང་བའི་དོན་ཡིན་ཞེས་པར་གནས་ལུགས་མེད་པར་རྟོགས་པ་དང་། སོག་པོ་དང་འབྲེལ་བ་ཡོད་ཅེས་པའང་དགོད་གཏམ་ཞིག་ཡིན་པ་ཤེས་རྗེས་གནའ་བོའི་བོད་ཀྱི་རུས་རྒྱུད་ཚོ་ཆུང་ཞིག་ཡིན་པར་བཤད་པ་དང་གླིང་སྒྲུང་ནང་གི་ཧོར་གུར་དཀར་དང་འབྲེལ་བ་ཡོད་པ་སོགས་བཤད་ཀྱིན་ཡོད་རུང་། དོན་དུ་དེ་འདྲ་ཞིག་ཡིན་ན་རུས་མིང་ས་ལ་ཐོགས་པ་ཞིག་ཡིན་དགོས་ཀྱི་ཡོད་རུང་། དེའང་ད་དུང་དེ་ཙམ་གནས་ལུགས་ཀྱིས་ཡོངས་སུ་ཚིམས་པ་ཞིག་བྱུང་མེད། 
        བཞི་པ་ནི་ཏྲེ་བོ་ཞེས་པ་ཡིན་ལ། དེ་ནི་མངོན་གསལ་དོད་པོ་ཡིན་ཏེ། ཏྲེ་ཞེས་པ་ནི་གནའ་བོའི་ར་ཡིག་གི་དོན་བྲག་ཞེས་པའི་ཐ་སྙད་ལ་ཁམས་ཀྱི་རོང་སྐད་དུ་བྲེའམ་ཏྲེ་ཞེས་འབོད་ཀྱིན་ཡོད་ལ། བོ་ནི་དབུ་ཞེས་པའི་ཐ་སྙད་ཀྱི་སྒྲ་འགྱུར་བ་ཞིག་ཡིན། དེ་ནི་སྐད་ཀྱི་འཕེལ་འགྱུར་གྱི་གོ་རིམ་ཁྲོད་ཐ་སྙད་གཅིག་གི་སྔོན་མ་དེང་སྐད་དུ་འགྱུར་རུང་ཕྱི་མ་དེ་ད་རུང་འགྱུར་མ་ཐུབ་པ་ཞིག་ཡིན་པར་སྣང་།
        ལྔ་པ་ནི་ཏྲེ་ཧོར་ཞེས་པའི་ཐ་སྙད་ཀྱང་གོང་གི་འགྱུར་དང་གཅིག་པ་ཡིན་ཏེ། ཏྲེ་ཞེས་པ་ནི་གནའ་བོའི་ར་ཡིག་གི་དོན་བྲག་ཞེས་པའི་བརྗོད་སྟངས་གཞན་ཞིག་ཡིན་ལ། ཧོར་ཞེས་པ་ནི་དབུ་ཡི་སྒྲ་འགྱུར་བ་ཡིན་རུང་།  ཕྱིས་ཀྱི་སོག་པོ་དང་ཧོར་གུར་དཀར་སོགས་དང་འབྲེལ་བ་ཡོད་དམ་སྙམ་པའི་ནོར་འཁྲུལ་གྱི་བསམ་བློ་འབྱུང་བའི་རུ་མ་ཡིན་པར་སྙམ། དེ་བཞིན་དུ་ཧོར་བྲག་མགོ་ཞེས་པའི་ཧོར་ཡིག་ཀྱང་ཏྲེ་ཧོར་ཞེས་པའི་ཧོར་ཡིག་འགྱུར་བ་ལས་སོག་པོའི་ཧོར་དང་འབྲེལ་བ་ཆེར་མེད་དེ། དབུའམ་ཧོར་ཞེས་པའི་ཐ་སྙད་ནི་ཡོན་རྒྱལ་རབས་མ་བྱུང་བའི་སྔོན་ཏེ་བོད་བཙན་པོའི་སྐབས་ནས་ཡོད་པ་གོང་དུ་བཤད་ཟིན་ལ། གལ་ཏེ་ངེས་པར་ཏུ་རུས་ཤིག་ཡིན་དགོས་ནའང་སོག་པོའི་ཧོར་ཡིན་དགོས་དོན་མེད་དེ། སྟོན་པ་གཤེན་རབ་དང་བོད་རྗེ་གཉའ་ཁྲི་བཙན་པོའི་རིང་ནས་བོད་ལ་ཧོར་དང་ཧོས་ཀྱི་རུས་རྒྱུད་ཡོད་ཅིང་། བོད་མི་ཉག་གི་རུས་ཆེན་སེ་རྨི་ཧོས་དབུ་བཞི་ལས་ཧོས་དང་དབུ་གང་རུང་ཞིག་གི་རྒྱུད་པ་ཡིན་ན། ད་གཟོད་བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་དང་སྐད་བརྡ་རིག་པའི་འགྲོས་དང་མཐུན་གྱི་ཡོད་དོ། །
        དྲུག་པ་བྲག་མགོ་འམ་བྲག་འགོ་ཞེས་པ་ཡིན་ཏེ། དེའི་སྒྲུབ་བྱེད་མང་པོ་ཞིག་གོང་དུ་བཀོད་ཟིན་ལ། ར་དབུ་གཉིས་ཀྱི་དོན་ཐད་ཀར་བསྒྱུར་བ་ལས་བྲག་མགོ་བྱུང་བ་ཡིན་ལ། སྔོན་གྱི་ཡིག་ནོར་གྱི་དབང་གི་མགོ་ཁྲིད་ལའང་འགོ་ཁྲིད་བྲིས་པ་ཡོད་ཅིང་། དེང་སང་ནི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་གཙོའི་མཁས་དབང་མང་པོ་ཞིག་གིས་བྲག་མགོ་ཞེས་འབྲི་བཞིན་ཡོད་པ་ལས་བྲག་འགོ་ཞེས་འབྲི་བཞིན་མེད་དེ། གཅིག་ན་དབུ་ལ་མགོ་ཡི་དོན་ལས། འཛེག་པའམ་འབྱར་བའི་དོན་གང་ཡང་མེད་ཅིང་། འགོ་ལ་འཛེག་པའམ་འབྱར་བའི་དོན་ལས་མགོ་ཡི་དོན་ཡོད་ཅེས་པ་ནི་སྔོན་གྱི་ཡིག་སྐྱོན་ཞིག་ཡིན་ནོ།། །།
༼ཁམས་པའི་འཛུམ་རིས༢༠༡༧ལོའི་དེབ་དང་པོ་ལས་དྲངས།༽


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1