པེ་ཅིང་པར་མའི་བོད་སོག་གནའ་དཔེ་འགྲེམ་སྟོན་མི་རིགས་རིག་གནས་ཕོ་བྲང་ཏུ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 05-11


        སྤྱི་ཟླ་5ཚེས་9ཉིན། ལེའོ་ཉིང་ཞིང་ཆེན་ཧྥུ་ཞིན་གྲོང་ཁྱེར་སྲིད་གྲོས་དང་མི་རིགས་རིག་གནས་ཕོ་བྲང་གཉིས་ཀྱིས་མཉམ་འབྲེལ་ཐོག་གཙོ་སྒྲུབ་གནང་པའི་ལེའོ་ཉིང་ཞིང་ཆེན་ཧྥུ་ཞིན་སྲིད་གྲོས་རིག་གནས་ལོ་རྒྱུས་ཁང་དུ་ཉར་ཚགས་བྱས་པའི་པེ་ཅིང་པར་མའི་བོད་སོག་གནའ་དཔེ་འགྲེམ་སྟོན་ཞེས་པ་དེ་མི་རིགས་རིག་གནས་ཕོ་བྲང་ཏུ་སྤེལ། ལེའོ་ཉིང་ཞིང་ཆེན་ཧྥུ་ཞིན་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིའི་གོ་ཆང་དང་མི་རིགས་རིག་གནས་ཕོ་བྲང་གི་ཀྲུའུ་རེན་གཞོན་པ་ཀྲུང་ཞིན་ཁུའེ་སོགས་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

        ལེའོ་ཉིང་ཞིང་ཆེན་ཧྥུ་ཞིན་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཁང་ནི་ཧྥུ་ཞིན་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་ལ། རིག་དངོས་ཉར་ཚགས་དང་ཞིབ་འཇུག འགྲེམ་སྤེལ་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་རིག་གནས་ལོ་རྒྱུས་ཁང་ཞིག་ཡིན་པ་དང་། ཧྥུ་ཞིན་རིག་གནས་ཀྱི་ནང་དོན་ཞིབ་ཆ་ལྡན་ཞིང་གཏིང་ཟབ་པའི་སྒོ་ནས་སྔོག་འདོན་བྱེད་པ་དང་། དུས་ཡུན་རིང་བའི་ལོ་རྒྱུས་རིག་གནས་དར་སྤེལ་བྱེད་པའི་གཡུལ་ས་འགངས་ཆེན་ཞིག་ཡིན། སོག་ཡིག་དང་བོད་ཡིག མན་ཇུའི་ཡི་གེ་སོགས་ཀྱི་གནའ་དཔེ་2300ལྷག་ཉར་ཚགས་བགྱིས་ཡོད། ཡིག་ཆ་འདི་དག་ནི་ཧྥུ་ཞིན་སྲིད་གྲོས་རིག་གནས་ལོ་རྒྱུས་ཁང་གི་མགོ་གཙོ་ཐོག་མ་ཧེ་ཧྲིན་ཁྲུན་ལགས་མི་སྒེར་གྱིས་བསྡུ་རུབ་གནང་བ་རེད།

        མི་རིགས་རིག་གནས་དར་སྤེལ་དང་དཔེ་མཛོད་ཁང་དབར་གྱི་སྤེལ་རེས་གཏིང་ཟབ། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏང་ཆེད། ལེའོ་ཉིང་ཞིང་ཆེན་ཧྥུ་ཞིན་སྲིད་གྲོས་རིག་གནས་ལོ་རྒྱུས་ཁང་དུ་ཉར་ཚགས་བྱས་པའི་པེ་ཅིང་པར་མའི་བོད་སོག་གནའ་དཔེ་འགྲེམ་སྟོན་འདི་སྤེལ།

        འགྲེམ་སྟོན་ཐོག་ཧྥུ་ཞིན་སྲིད་གྲོས་རིག་གནས་ལོ་རྒྱུས་ཁང་གིས་ལོ་མང་པོར་ཉར་ཚགས་བགྱིས་པའི་སོག་ཡིག་དང་བོད་ཡིག་གི་གནའ་དཔེ་པོད་50ལྷག་བཤམས་སྟོན་བྱས་ཡོད་ལ། ཐེངས་འདིར་འགྲེམ་སྟོན་བྱས་པའི་གནའ་དཔེ་མང་པོ་ཞིག་ནི་དཔེ་རྒྱུན་དཀོན་པ་དང་པར་གཞི་རིན་ཐང་གལ་ཆེན་ལྡན་པའི་རྩ་ཆེའི་དཔེ་གཞུང་ཡིན་པས། བཤམ་སྟོན་སྐབས་སུ་རྒྱ་ཆེའི་ལྟད་མོ་བ་ཡོངས་ཀྱིས་ཧྥུ་ཞིན་གྱི་ས་གནས་རིག་གནས་དང་ཡུལ་ལྗོངས། དམངས་སྲོལ་སོགས་ཀྱི་དཔེ་དེབ་60ལྷག་འགྲེམ་སྟོན་བྱས་ཡོད་པས། ཧྥུ་ཞིན་ས་ཁུལ་གྱི་མི་རིགས་རིག་གནས་ལ་མྱོང་སྣང་དང་རྒྱུས་ལོན་གཏིང་ཟབ་བྱ་ཐུབ། ཐེངས་འདིའི་བཤམ་སྟོན་བརྒྱུད་ལྟད་མོ་བས་ཧྥུ་ཞིན་ས་ཁུལ་གྱི་ལོ་རྒྱུས་རིང་བའི་རིག་གནས་དང་རང་བྱུང་མཛེས་ལྗོངས། རིག་གནས་ལས་ཀ་པ་རྣམས་ཀྱིས་དཀའ་ངལ་འཛེམ་མེད་དང་ཧུར་ཐག་འབད་ཐག་གིས་དོན་གཉེར་བྱེད་པའི་རྐང་རྗེས་མཐོང་ཐུབ་ལ། དམངས་ཡོངས་ཀྱི་ཡར་ཐོན་དང་ལས་ལ་བརྩོན་པའི་བསམ་འདུན་མཐོང་ཐུབ།

        ཐེངས་འདིའི་འགྲེམ་སྟོན་དེ་2017ལོའི་ཟླ་5ཚེས་30བར་གླ་རིན་མི་དགོས་པར་སྒོ་ཕྱེ་རྒྱུ་རེད། 

        པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་བསྡུས་པའི་ལེའོ་ཉིང་ཞིང་ཆེན་ཧྥུ་ཞིན་སྲིད་གྲོས་རིག་གནས་ལོ་རྒྱུས་ཁང་དུ་ཉར་ཚགས་བྱས་པའི་པེ་ཅིང་པར་མའི་བོད་སོག་གནའ་དཔེ་འགྲེམ་སྟོན་མཛད་སྒོའི་ཐོག་ལེའོ་ཉིང་ཞིང་ཆེན་ཧྥུ་ཞིན་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཁང་གི་མགོ་གཙོ་ཧའེ་ཁྲོན་ཧྲེང་གིས་ཁོའི་ཉར་ཚགས་བགྱིས་པའི་སོག་ཡིག་བོད་ཡིག་གི་གནའ་དཔེ་པོད་40ལྷག་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་ལ་སྐྱེས་འབུལ་གནང་། 

        སྐུ་ཞབས་ཧའེ་ཁྲོན་ཧྲེང་ནི་མི་རིགས་ཆོས་ལུགས་རིག་དངོས་ཉར་ཚགས་གནང་མཁན་ཞིག་ཡིན། ལོ་དུ་མའི་རིང་མི་རིགས་རིག་གནས་ལས་ཀར་འབད་བརྩོན་གནང་བ་དང་། ཆོས་ལུགས་རིག་དངོས་མྱུར་སྐྱོབ་དང་ལེགས་སྒྲིག ཞིབ་འཇུག་བཅས་ཀྱི་ཕྱག་ལས་གནང་བཞིན་ཡོད། ལོ་བཅུ་ལྷག་ཙམ་ལ་རྒྱལ་ཡོངས་ཀྱི་ཡུལ་གྲུ་མང་པོ་དང་། སོག་པོ། ཨུ་རུ་སུ་སོགས་རྒྱལ་ཁབ་ཁག་ཏུ་བསྐྱོད་ནས། བོད་ཡིག་དང་སོག་ཡིག མན་ཇུའི་ཡི་གེ་སོགས་ཀྲུང་ཉུང་མི་རིགས་ཀྱི་རིག་དངོས་2000ལྷག་མྱུར་སྐྱོབ་དང་བསྡུ་རུབ་བྱས་པ་མ་ཟད། རང་ངོས་ནས་མ་དངུལ་བསྡུས་ཏེ་བོད་སོག་ནང་བསྟན་རིག་གནས་རྟེན་རྫས་བཤམས་སྟོན་ཁང་སོགས་བཙུགས། 

        སྐུ་ཞབས་ཧའེ་ཁྲོན་ཧྲེང་གིས་ཉེ་བའི་ལོ་དུ་མའི་རིང་རྒྱལ་ཡོངས་ཀྱི་ཚན་རིག་ཞིབ་འཇུག་ཁང་དང་སློབ་གྲྭ་ཆེན་མོར་གནའ་དཔེ་སོགས་རིག་དངོས་1600ལྷག་སྐྱེས་འབུལ་གནང་བས། རྒྱལ་ཡོངས་ཀྱི་ལས་རིགས་སོ་སོའི་བསྔགས་བརྗོད་དང་མི་རིགས་ཆོས་ལུགས་རིག་གནས་ཀྱི་སྲུང་མའི་ཆོ་ལོ་འབུལ། 

        ཐེངས་འདིའི་མཛད་སྒོའི་ཐོག་བོད་རིག་པའི་ཞིབ་འཇུག་པ་གྲགས་ཅན་ཁྲེན་ཆིང་དབྱིང་གིས་གསུང་དོན། སྐུ་ཞབས་ཧའེ་ཁྲོན་ཧྲེང་གིས་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་ལ་སྐྱེས་འབུལ་གནང་བའི་སོག་ཡིག་དང་བོད་ཡིག་གི་གནའ་དཔེ་འདི་དག་ནི་ནང་དོན་ཆ་ནས་སྨན་གཞུང་དང་། རྩོམ་རིག སྐར་རྩིས། ཆོས་ལུགས་སོགས་ཀྱི་ནང་དོན་འདུས་ལ། དཔེ་དེབ་མང་པོ་ཞིག་ཧ་ཅང་མཐོང་དཀོན་པས་རིག་གནས་དང་ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད། 



 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1