༄༅།།ངའི་རྨི་ལམ་གྱི་གཤོག་པ།

མཛོད་འཕྲིན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-11



ཁ་བའི་འགྱུར་ཁུགས།
མེས་པོ་སུ་ཞིག་གིས་དཀའ་སྡུག་རྔུལ་ཆུས་བསྐྲུན་པའི་དབྱངས་གསལ་ལས་རྙེད་པའི་གཞིས་ཀ་དང་།
ཡིད་ཀྱི་གཏོད་སོ་དེ་ཡིན།
དྭངས་གཙང་གི་གངས་རི་དང་། གཙང་ཆབ་སྔོན་མོའི་མགྲིན་གླུ།
མེས་པོ་ལ་ཐོད་ཅན་ཚོའི་རྫི་གླུ་དང་། མེས་མོ་ཁུར་ཚོས་དམར་པོ་ཅན་ཚོའི་ལ་གཞས་སྙན་མོ་དེ་ཡིན།
སྲིད་པའི་དབྱངས་རྟ་ཨ་ཁུ་པདྨ་དང་འགྲོགས་པའི་གདངས་དབྱངས་གསོན་པོ་སྟེ།
གཞོན་པ་སུ་དང་གང་གི་རྨི་ལམ་དང་། ཁ་ཕྱོགས། ནར་སོན་གྱི་ལོ་ཟླ་སོགས་ཁྱེད་ལ་བསྟིམས་ཡོད།
བགྲེས་སོང་ག་ཚོད་ཅིག་གི་རྣམ་ཤེས་དང་།  ཕྱི་མིག་དེ་ཁྱོད་ལ་འཁོར་ཡོད།
ང་ཚོའི་རྨི་ལམ་ལ་གཤོག་པ་ཐོགས་པ་ནས་བཟུང་། ང་ཚོའི་འཚོ་བའི་ནང་སྙིང་རྙེད་པ་ནས་བཟུང་།
ང་ཚོའི་མཛེས་སྡུག་གི་མི་ཡུལ་གྱི་ལྟད་མོ་དང་། མངར་སྐྱུར་འདྲེས་མའི་མི་ཚེའི་སྙིང་པོ་རྟོགས་པ་ནས་བཟུང་།
ཁྱེད་ཉིད་གནས་མལ་དུ་བྱས་ཤིང་། ཁྱེད་ཉིད་བླ་སྲོག་ཏུ་བཀུར་ཡོད།
ངའི་དགའ་སྐྱོ་འདྲེས་མའི་སེམས་པ་དམར་པོ་ལས་བཞུར་བའི་ཡིག་ཉོབ་ཐར་ཐོར་དེ་ཁྱོད་ཀྱི་ལག་འཐིལ་དུ་འབུལ་ཡོད་ལ།
འཚོ་བའི་ཀློང་རུམ་ལས་མཆེད་པའི་མིག་ཆུའི་ཐིག་ཕྲེང་རེ་རེའང་ཁྱོད་ལ་གཏོར་ཡོད།
དུས་དེ་ནས་བཟུང་།
འུ་གཉིས་བར་ལ་མཛའ་བརྩེའི་གསེར་ཟམ་རིང་མོ་དེ་ཚུགས་ཤིང་།
ལྷད་མེད་ཀྱི་ལྷ་དར་ལྟ་བུའི་སེམས་པ་དེས་དམ་དུ་འབྲེལ་སོང་།
ལྟད་མོ་བ་རུ་གྱུར་པའི་ཁོ་དང་ཁོ་མོའི་མིག་ནང་གི་ཁྱོད་ཉིད་བཟང་ཡང་རུང་ལ། ངན་ཡང་ཆོག
ངའི་དུས་གསུམ་གྱི་གནས་མལ་དེ་ཁྱེད་རང་ཡིན་ཞིང་། ངའི་ཡིད་ཀྱི་རྡོག་ཁྲེས་སུ་གྱུར་པའི་སེམས་ངལ་བཀལ་ས་དེའང་ཁྱེད་རང་ལས་མེད་པས།
ངས་ཁྱེད་རང་གཏན་དུ་སྲུང་ངེས།
གཏམ་འཆལ་ལ་གོམས་པའི་མི་ཚོགས་ཀྱི་ཁ་ན་ཁྱོད་སྡུག་ཀྱང་ཆོག་ལ། ཐ་སྙད་སྐམ་པོ་ཞིག་ཡིན་ཡང་རུང་།
ང་ཚོའི་རྨི་ལམ་གྱི་གཤོག་པ་དེ་ཁྱེད་ཀྱིས་བསྩལ་བྱུང་བས། 
ངེད་ཅག་གིས་ཁྱེད་རང་སྐེ་རུ་འདོགས་བཞིན་ཡོད།
རྨོངས་གཉིད་ཀྱི་མུན་པ་ལས་ད་ལྟ་ད་དུང་ཡང་སད་མེད་པ་ཚོས་གཉིད་ཟློས་སུ་ག་འདྲ་ལབ་ཀྱང་འཐུས།
ང་རྒྱལ་དང་། 
མགོ་འཕང་ཟེར་བའི་ཐ་སྙད་ཀྱིས་བཟི་ཟིན་པའི་ང་ཚོ་ལ་སྙན་ངག་ཅེས་པའི་མིང་ཚིག་ཅིག་ཡོད་པས།
ང་ཚོ་ཕྱུག་པོ་ཡིན་ཞེས་བརྗོད་ན་ལོས་ཆོག།
ཁ་བའི་འགྱུར་ཁུགས། ཡང་ན།
སྙན་ངག། 
གཟུགས་མེད་ཀྱི་རྒུན་ཆང་འདིའི་ཆེད། མི་བུ་ག་ཚོད་ཅིག་གི་འཚོ་བ་སྤྲང་པོའི་ཚུལ་གྱིས་སྐྱོང་ཡོད།
གྲགས་རྒྱུ་མེད་པའི་གླུ་སྐད་དེས་སྐྱེ་བོ་སུ་ཞིག་གི་བླ་ཚེ་སྲོག་གསུམ་བཀུགས་མྱོང་།
གངས་ཀྱི་འགྱུར་ཁུགས། ཡང་ན་ཁ་བའི་འགྱུར་ཁུགས། དེ་ལས་ཀྱང་གཞོན་པའི་འགྱུར་ཁུགས། ང་ཚོའི་འགྱུར་ཁུགས།
ཁྱེད་རང་ཐ་མག་རྐང་གཅིག་དེ་ཡིན་ན། ངས་ཡང་དང་བསྐྱར་དུ་ཁྱེད་རང་འབྱིན་རྔུབ་བྱ་འདོད་ལ།
ཁྱེད་རང་ལྦུ་རག་དེམ་གང་དེ་ཡིན་ན། སྐམ་གདུང་གིས་མནར་བའི་ངས་ཁྱེད་རང་མི་འཐུང་ཅི་ལ་འཐུང་།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1