དཀར་མཛེས་ཁུལ་གྱི་ལྗོངས་ཁུལ་འདི་དགA4རིམ་པར་བསྐྲུན་རྒྱུ།

ཀུན་དགས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-15


1.ཉེ་ཆར།  གསར་འགོད་པས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི《 ཡུལ་སྐོར་ལྗོངས་ཁུལ་གྱི་སྤུས་ཀ་རིམ་པའི་དོ་དམ་བྱེད་ཐབས། 》 དངA 4རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དཔྱད་བསྡུར་གཏན་འབེབས་ལས་དོན་གྱི་འབྲེལ་ཡོད་བླང་བྱ་ལྟར།  སི་ཁྲོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས2017ལོའི་སྤྱི་ཟླ་བ3པའི་ཚེས16ནས17ཉིན་བར་རྒྱལ་ཁབ་ཀྱིA4རིམ་པའི་ཡུལ་སྐོར་ལྗོངས་ཁུལ་བསྐྲུན་རྒྱུའི་སྙན་སེང་ཞུ་བ་དང་མཛེས་ལྗོངས་སྤུས་ཀའི་ཆེད་རམས་པའི་དཔྱད་ཞིབ་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་ཞིང་ཆེན་ཡོངས་ཀྱིA4རིམ་པའི་ཡུལ་སྐོར་ལྗོངས་ཁུལ་བསྐྲུན་རྒྱུའི་སྙན་སེང་ཞུ་མཁན་གྱི་ལྗོངས་ཁུལ43གྱི་ལྗོངས་ཁུལ་ཐོན་ཁུངས་དང་ཡུལ་ལྗོངས་སྤུས་ཀ་ལ་དཔྱད་ཞིབ་བྱས་ཡོད་ཅིང་། རང་ཁུལ་གྱིས་ཡིག་ཐོག་སྙན་སེང་ཞུས་པའི་མི་ཉག་གནས་མཆོག་མཛེས་ལྗོངས་ཁུལ་དང་ལི་ཐང་གནའ་བོའི་གྲོང་རྡལ། སེར་ཤུལ་དཔལ་དགེ་མ་ཎི་མཛེས་ལྗོངས་ཁུལ། རྩེ་མདའི་སྲོག་ཆགས་གླིང་། འདན་མ་འདམ་རའི་ལྗོངས་ཁུལ། འོ་བཟི་དམངས་སྲོལ་རིག་གནས་གླིང་ཀ་སོགས་ལ་ཆེད་རམས་པས་དཔྱད་ཞིབ་བྱས་མཐར་རྒྱལ་ཁབ་ཀྱིA4རིམ་པའི་ལྗོངས་ཁུལ་བསྐྲུན་རྒྱུའི་གཞི་རྩའི་བླང་བྱའི་ཁོངས་སུ་འཇུག་ཐུབ་ཡོད་པ་དང2017ལོརA4རིམ་པའི་ཡུལ་སྐོར་ལྗོངས་ཁུལ་འཛུགས་རྒྱུའི་འཆར་གཞིའི་ནང་བཞག་པ་རེད། 
2.འདན་མ་འདམ་རའི་ཡུལ་སྐོར་ལྗོངས་ཁུལ་ནི་སེར་ཤུལ་རྫོང་དུ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ38.5ཡོད་པ་དང་ལྗོངས་ཁུལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ལ་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་ཐང་བོད་གནའ་ལམ་ཡང་འདི་ནས་བརྒྱུད་པ་ཡིན་ཞིང་། འདིར་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་སྐབས་ཀྱི་རྩ་ཆེ་བའི་རིག་གནས་ཤུལ་བཞག་ཡོད་པས་མ་ཚད་གླིང་རྗེ་གེ་སར་རྒྱལ་པོའི་དམག་དཔོན་ཆེན་པོ་འདན་མའི་ཕ་ཡུལ་ཡང་ཡིན་པ་རེད། 
                                                                               
3.མི་ཉག་གནས་མཆོག་ནི་དར་རྩེ་མདོར་ཡོད་ཅིང་། འདི་ནི་རང་ཁུལ་གྱི་དམངས་སྲོལ་ཡུལ་སྲོལ་གོམས་གཤིས་དང་རང་བྱུང་གི་མཛེས་ལྗོངས་ཟུང་འབྲེལ་བྱས་པའི་ཡུལ་སྐོར་ལྗོངས་ཁུལ་ཞིག་ཡིན་ལ་རྒྱལ་ཡོངས་ཀྱི་ཨང་དང་པོའི་མི་ཉག་རིག་གནས་ཀྱི་ཁྱད་ཆོས་མཚོན་ཐུབ་པའི་ཡུལ་སྐོར་ལྗོངས་ཁུལ་ཞིག་ཀྱང་ཡིན་ཞིང་། མཛེས་ལྗོངས་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ139ཡོད་པ་དང་། དེའི་ནང་དུ་གངས་རི་དང་རྩྭ་ཐང་། ཆུ་བོ། མཚེའུ་དང་མེ་ཏོག་ལ་སོགས་པ་དང་བོད་མི་ཉག་ཡུལ་གྱི་དམངས་སྲོལ་རིག་གནས་མཚོན་པའི་ཡུལ་སྐོར་མཛེས་ལྗོངས་མང་པོ་ཡོད་པ་རེད།
4. དཔལ་དགེ་མ་ཎི་ཡུལ་སྐོར་མཛེས་ལྗོངས་ཁུལ་ནི་སེར་ཤུལ་རྫོང་གི་བྱང་རྒྱུད་ཁྲོམ་གཟའ་གོང་མ་ཤང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཉེ་འགྲམ་ན་ཡོད་ཅིང་།  དཔལ་དགེ་མ་ཎིའི་མ་ཎི་རྡོ་འབུམ་གྱི་སྤྱིའི་རིང་ཚད་སྤྱི་ལེ1.7ཡོད་པ་དང་འདི་ནི་མ་ཎི་རྡོ་ཕུང་ཁོ་ནར་བརྟེན་ནས་གྲུབ་པ་འཛམ་གླིང་ཐོག་ཉག་ཅིག་པུར་ཡིན་ཞིང་། བོད་རིགས་ས་ཁུལ་དུ་འོང་པའི་ཡུལ་སྐོར་བ་མང་པོས་མ་ཎི་རྡོ་ཕུང་འདི་མཐོང་དུས་སེམས་འགུལ་ཧ་ཅང་ཐེབས་པ་རེད།  ཁོ་ཚོར་མ་ཎི་རྡོ་ཕུང་འདི་དག་གི་སྟེང་དུ་ངལ་བའི་རྔུལ་ཆུ་དུ་མ་ཟགས་མྱོང་བ་དང་ཡིད་ཀྱི་རེ་སྨོན་མང་པོ་བཅོལ་ཡོད་པའི་མྱོང་ཚོར་སྟེར་སྲིད།
5.ལི་ཐང་གནའ་བོའི་གྲོང་རྡལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ནི་ལི་ཐང་རྫོང་ཁུལ་དུ་གནས་ཡོད་ཅིང་།  སྤྱིའི་རྒྱ་ཁྱོན་ཧ་ལམ་སྤྱི་ཆིང74.89ཡོད་པ་དང་། དེའི་ནང་ནས་ལི་ཐང་དགོན་དང་། ལི་ཐང་ཁྲོམ་ལམ་རྙིང་པ། སྟོང་སྐོར་བོད་རིགས་གྲོང་སྡེ། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་བཞུགས་གནས་རྙིང་པ་སོགས་ཡོད་པ་དང་། དེའི་མཐའ་སྐོར་དུ་སྨར་ཁམས་བཞུགས་གནས་རྙིང་པ་དང་ཀུན་མཁྱེན་འཇམ་དབྱངས་སྐུ་ཕྲེང་ལྔ་པའི་བཞུགས་གནས་རྙིང་པ། དམག་དཔོན་ཧྥང་ཀྲེང་ཆིན་གྱི་བཞུགས་གནས་རྙིང་པ་སོགས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1