འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་རྒྱལ་སྤྱིའི་གངས་ཤུད་དང་རི་འཛེག་འགྲན་བསྡུར་མཚོ་སྔོན་དུ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 05-17


        ཟླ་5ཚེས་14ཉིན། རྒྱལ་སྤྱིའི་གངས་ཤུད་དང་རི་འཛེག་མནའ་འབྲེལ་དང་། ཨེ་ཤེ་ཡ་གངས་ཤུད་དང་རི་འཛེག་མནའ་འབྲེལ། ཀྲུང་གོ་རི་འཛེག་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི་2017ལོའི་མཚོ་སྔོན་གངས་དཀར་རྒྱལ་སྤྱིའི་གངས་ཤུད་དང་རི་འཛེག་འགྲན་སློང་འགྲན་བསྡུར་ཚེས་14ཉིན་གངས་དཀར་རི་བོར་འགོ་ཚུགས་པ་རེད།
        ཐེངས་འདིའི་འགྲན་བསྡུར་ནང་ཀྲུང་གོ་དང་། མ་ལེ་ཞི་ཡ། ལྷོ་ཁོ་རེ་ཡ། དབྱི་རན། སུའེ་ཙེར། ཧྥ་རན་སེ། དབྱི་ཐ་ལི་སོགས་རྒྱལ་ཁབ(ས་ཁུལ)ཀྱི་ལུས་རྩལ་པ་60ལྷག་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་འགྲན་བསྡུར་ནང་སྐྱེས་པ་དང་སྐྱེས་མ་མི་སྒེར་གྱི་ཐད་འཛེག་ཐད་ཤུད་འགྲན་བསྡུར་དང་བར་ཐག་ཐུང་བའི་འགྲན་བསྡུར་གྱི་རྣམ་གྲངས་ཐོག་མ་གཉེར་བ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་13ཉིན་རུ་མི་འདུ་འཛོམས་བྱས་རྗེས། ཚེས་14ཉིན་ནས་བཟུང་འགྲན་ཞུགས་རུ་མིས་སྒར་ས་ཚད་བརྒལ་ནས་ས་བབ་མཐོ་ཚད་སྨི་4350ཡོད་པའི་སྒར་ས་ཆེ་མོར་འཛེག་རྒྱུ་དང་། ཚེས་15ནས་20ཉིན་བར། རུ་མིས་སྒར་ས་ཆེ་མོ་ནས་ས་བབ་མཐོ་ཚད་སྨི་5000དུ་འཛེག་རྒྱུ་དང་གངས་ཤུད་གློད་རྩལ་སྦྱོང་བརྡར་བྱས་ཏེ་ཁོར་ཡུག་འཕྲོད་རྗེས་འགྲན་བསྡུར་འགོ་ཚུགས་རྒྱུ་ཡིན་ཞིང་། དེའི་རིང་རུ་མི་ཚོས་གངས་རྡིབ་ཁྲོད་ནས་འཚོལ་སྐྱོབ་དང་གངས་རྡིབ་ཁྲོད་རོགས་སྐྱོབ་སོགས་ཀྱི་ནུས་རྩལ་སློབ་སྦྱོང་དང་སྤེལ་རེས་བྱ་རྒྱུ་རེད།
        རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཝང་ཡུང་ཧྥུང་གིས་གངས་དཀར་རི་རྩེར་མི་ཚོགས་སྣ་ཚོགས་ཀྱིས་རྐང་ཐང་མར་སྐྱོད་པ་དང་། རི་འཛེག་པ། སྒར་བརྒྱབ་ནས་སྡོད་པ། གངས་ཤུད་གློད་པ་སོགས་ལུས་རྩལ་སྤེལ་རྒྱུར་ཧ་ཅང་འཚམ་པོ་ཡོད་ལ། 2011ལོ་ནས་ད་བར་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་གངས་དཀར་གྱིས་རྒྱལ་ཡོངས་དང་ཨེ་ཤེ་ཡ་དང་རྒྱལ་སྤྱིའི་གངས་ཤུད་དང་རི་འཛེག་སྤེལ་རེས་ཚོགས་འདུ་སྐབས་དྲུག་གཉེར་བ་དང་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་འབྱུང་འགྱུར་གངས་དཀར་ཉིད་རི་འཛེག་ཕྱི་རོལ་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཚོའི"སེམས་ཀྱི་ཉི་ཟླ"ལྟ་བུར་འགྱུར་རྒྱུ་མ་ཟད་ཚ་སྡུག་ཆེ་བའི་དབྱར་ཁར་གངས་ཤུད་དང་རི་འཛེག་བྱ་ཡུལ་དུའང་འགྱུར་རྒྱུ་རེད་ཅེས་བཤད།
        མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་མཚོ་སྔོན་དུ་གངས་འཁྱགས་འགྲན་བསྡུར་བྱས་པ་དེས་ཀྲུང་གོའི་གངས་འཁྱགས་ལུས་རྩལ་ལྷོ་ནས་ནུབ་བར་ཁྱབ་རྒྱུར”རྨང་གཞི་འདིང་རྒྱུ་རེད། མཚོ་སྔོན་ཞིང་ཆེན་ལུས་རྩལ་སྡེ་ཚན་གྱིས་ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་གོ་སྐབས་སུ་བྱས་ནས་གངས་དཀར་ཉིད་གངས་ཤུད་རི་འཛེག་དང་། རི་མཐོ་མྱུལ་དཔྱད། གངས་ཁྲོད་རོགས་སྐྱོབ། ཕྱི་རོལ་རྒྱ་བསྐྱེད། འཁྱགས་འཛེག་སོགས་རྣམ་གྲངས་མང་པོ་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རྟེན་གཞི་ཞིག་གཏོད་རྒྱུ་རེད་ཅེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1