དྲན་ཀློང་ན་འཛུམ་པའི་ལྷ་མོ།

དཀར་མཛེས། ཞོ་ར་བློ་བཟང་བཀྲ་ཤིས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 05-24


གནག་སྣུམ་མཉེན་ལྕུག་སྐྲ་ལོའི་འདབ་མ་བསིལ་འཇམ་རླུང་བུའི་གར་སྟབས་ཀྱིས།།
ལང་ལོང་བསྒྱུར་བའི་རྩེ་དགའ་དང་འགྲོགས་སྒེག་འཛུམ་ཟུར་མིག་རྣོན་པོའི་མདའ།།
ཕོ་གསར་སྟོང་གི་སྙིང་ལ་རེག་པས་བཟོད་དཀའི་སེམས་ཀྱི་འཁུན་སྒྲ་འབྱིན།།
ཀྱེ་མ་ན་ཆུང་བུ་མོ་ཁྱོད་ནི་བརྩེ་བ་མེད་པའི་གཤེད་མ་ལགས།།


ཆུ་ཤེལ་དྭངས་མོའི་མཛེས་པ་རབ་འཕྲོག་ཞལ་རས་ཀུ་མུད་རྒྱས་པའི་འདབ།།

ཐུན་མཚམས་གསར་བའི་མདངས་ཀྱིས་འཁྱུད་པའི་མཁུར་ཚོས་བུམ་པ་ཆ་གཅིག་དང་།།
འབུར་འཇམ་མྱོས་བུམ་བྲང་གི་ངོས་སུ་ལྡེམ་ལྡེམ་གཡོ་བའི་དགའ་སྟོན་སོགས།།
མངོན་སུམ་འདྲེན་བྱེད་མཁའ་ལ་དྲངས་པས་དར་ཅིག་ཡིད་ཀྱི་དྲན་པ་ལྷོད།།


ཁྱོད་ནི་འཆི་མེད་ལྷ་ལས་བབས་ཏེ་མི་ཡུལ་འགྲིམ་པའི་སྲིང་མོའམ།།

ཡང་ན་དགའ་བྱེད་འདོད་ཆེན་འཕྲུལ་གྱིས་ཆེད་དུ་བཟོས་པའི་བསླུ་བྲིད་ཡིན།།
འུ་གཉིས་ཕན་ཚུན་རྒྱུས་ལོན་མེད་ཀྱང་བདག་ཡིད་གསེར་སྐུད་ཕྲ་མོའི་སྐྱ།།
དབང་མེད་ཁྱོད་ཕྱོགས་འཐེན་པའི་ཤུགས་ཀྱིས་བདག་ལ་དྲག་པོའི་གཟེར་ཁ་བསླངས།།


ཞི་འཇམ་ངག་གི་འགྱུར་ཁུགས་རེ་ལ་སྙན་དབང་འགུག་པའི་ལྕགས་ཀྱུ་རེ།།

འཇོ་སྒེག་ལུས་ཀྱི་སྟངས་སྟབས་རེ་ལ་དྲན་སྣང་བཟི་བའི་མངར་ཆ་རེ།།
གཞན་ཕན་ལྷག་བསམ་འདབ་མ་རེ་ལ་སྲིད་ལས་འགོངས་བའི་ངོ་མཚར་རེ།།
མིག་སྟོང་བགྲད་ནས་ཕྱོགས་བཅུར་བལྟས་ཀྱང་ཁྱོད་ལས་མཛེས་པ་ངས་མ་མཐོང་།།


སྐྱེས་གཟུགས་ལང་ཚོའི་རྐེད་སྐབས་ཕྲ་མོས་སི་ཏཱའི་མིང་གི་བཟླས་བརྗོད་འགོག།།

ཡིད་འོང་སྒེག་འགྲོས་ས་ལ་བསྒྱུར་བ་པདྨའི་མཚོ་ལ་ངང་མོ་བཞིན།།
ཆགས་ལྡན་རྒྱལ་སྲས་གང་གིས་མཐོང་ཡང་སྙིང་ལ་བདེ་བའི་གོ་སྐབས་ཕྲ།
ཁྱོད་ནི་བཅུ་དྲུག་ན་ཆུང་དབུས་ན་འོད་དཀར་འགྱེད་པའི་ཟླ་གཞོན་མ།།


མཐོ་དམན་སུས་ཀྱང་མིག་ཟུང་མཐའ་ན་ཁྱོད་ཉིད་གླེང་བའི་སྨྲ་བརྗོད་རེ།།

དབུལ་ཕྱུག་རྒན་གཞོན་སྐྱེ་བོ་ཀུན་གྱིས་ཁྱོད་ལ་རེ་བའི་འོ་དོད་འབོད།།
དེ་ནས་སྐྱེས་གཟུགས་ལང་ཚོ་དམན་ཡང་འབྱུང་བཞི་སྙོམས་པའི་ཕོ་གསར་ངས།།
དུང་བ་ཟབ་མོས་སྐད་བརྡ་བསྒྱུར་འདི་ཆོས་ཉིད་རྒྱལ་མོའི་ལུང་དང་མཐུན།།


ཆེན་པོའི་དབང་དང་གསེར་དངུལ་ལོངས་སྤྱོད་ཡུན་དུ་གཉེར་བའི་འདུན་པ་མེད།།

ཟག་མེད་བདེ་བ་ཆེན་པོའི་རོ་ལ་བག་ཡངས་སྤྱོད་པའི་སྐལ་བཟང་ཤོར།
འདི་དག་ཡུན་ཐུང་མི་ཚེ་གཅིག་ལ་རྙེད་པའི་གོ་སྐབས་ཡོད་མིན་ན།།
ནམ་ཡང་དགའ་བདེའི་དཔལ་གྱིས་སིམ་བྱེད་ལྷ་མོ་ཁྱོད་དང་འགྲོགས་ན་འདོད།།


འཇིག་རྟེན་གོ་ལ་ཟླུམ་པོའི་ངོས་སུ་གཡོ་སྒྱུའི་ཐབས་ལམ་མ་སྤྱད་པས།།

སྙན་གྲགས་སྙན་མོའི་མིང་དང་མི་ལྡན་ཀུན་གྱི་རྡོག་པའི་འོག་ཏུ་འཚོ།།
ཡིན་ཡང་བདག་སེམས་འོ་མའི་མཚོ་ལ་དུང་བ་ཟབ་མོའི་ནོར་དང་ལྡན།།
མཛོད་འདིའི་གསེར་གྱི་ལྡེ་མིག་ཆ་གཅིག་སྙིམ་པར་བཏགས་ནས་ཁྱོད་ལ་འབུལ།།


ཚེ་རབས་ཀུན་ཏུ་འབྲལ་མེད་དམ་བཅའ་དྲན་འཛིན་དམར་པོའི་ཁོང་ལ་འབྲི།།

ཀྱག་ཀྱོག་མི་ཚེའི་འཚོ་ལམ་རིང་མོར་སྐྱིད་སྡུག་རྐང་རྗེས་མཉམ་དུ་འགོད།།
ཁྱོད་ཀྱི་བརྩེ་བ་བྲག་ལས་བརྟན་ན་ང་ཡི་དུང་བ་རི་ལས་བརྗིད།།
སྲོལ་ངན་གསར་རྙིང་དུག་དང་འདྲེས་མེད་མཆོག་གསུམ་བདེན་པའི་བྱིན་རླབས་སྩོལ།།


གུར་ཀུམ་མདངས་ལས་དྲངས་བའི་ན་བཟའ་མི་ཚེའི་ཕྱེད་དུ་ལེགས་བགོས་ཀྱང་།།

བདེན་པའི་ལྷ་ཞལ་མཐོང་བའི་སྐབས་མེད་དྲན་འཛིན་ཐིག་ལེར་བསྔགས་པ་ཁྱོད།།
མ་བསྒོམས་ཡིད་ཀྱི་མེ་ལོང་ངོས་སུ་རང་བྱུང་རི་མོའི་རྒྱན་གྱིས་མཛེས།།
བསླུ་བྲིད་མངར་མོའི་ཚིག་དང་སྦྱར་ནས་ཁྱོད་ལ་མགོ་སྐོར་གཏང་བ་མིན།།


ཁྱོད་ཀྱི་ཡོད་ཚད་ང་ལ་དབང་ཞིང་ང་ཡི་ཡོད་ཚད་ཁྱོད་ཕུལ་ན།།

དམར་པོ་ཁྲག་གི་ཕྱག་རྒྱས་བཏབ་ནས་མི་འབྲལ་མནའ་ཚིག་སྙིང་ལ་འཇོག།།
གལ་ཏེ་ཤ་ཁྲག་སྒྱུ་མའི་ལུས་འདི་དུམ་བུ་སྟོང་དུ་བྱས་གྱུར་ཀྱང་།།
གསལ་རིག་འཛིན་མེད་ཡིད་ཀྱི་རྣམ་ཤེས་ཁྱོད་དང་ལྷན་ཅིག་འདྲེས་བར་ངེས།།


ཀྱེ་ཀྱེ་བདག་སེམས་དར་དཀར་རིང་མོ་ཕྱོགས་སུ་འཐེན་པའི་མིག་ཡངས་མ།།

ཉིན་དང་མཚན་དུ་ཁྱོད་རང་བསྒོམས་པས་ཟུངས་ཁྲག་རྒྱུ་བ་འགག་ལ་ཉེ།།
ཁྱོད་ལ་བཏང་བའི་ཚིག་གི་ཕོ་ཉ་ཆུ་འཛིན་དཀར་པོའི་རུམ་ལ་བཅོལ།།
བདག་ཡིད་གདུང་ཚོར་དྲག་པོའི་ཤུགས་ཀྱིས་ཡུན་རིང་དཀྲུགས་པའི་ན་ཟུག་ལྕི།།


སྨིན་ལེགས་གཟུགས་འཆང་མཛེས་མ་ཀུན་ལ་བདག་ནི་རངས་བ་མ་ལགས་ཀྱང་།།

ཞལ་རས་ཉ་གང་ཟླ་བའི་ངོས་སུ་དཀྱུས་རིང་བུང་བའི་ཟུར་མིག་རྣོ།།
གཞན་ཕན་ལྷག་བསམ་འོད་ཀྱི་ཟེགས་མ་དགྲ་གཉེན་བར་མའི་མཐའ་ལ་སྙོམས།།

མཛའ་གཅུགས་ལྷོད་མེད་རྡོ་རྗེའི་མདུད་པ་བྲག་ལས་བརྟན་པ་ཁྱོད་ཉིད་ཙམ།། 

● ལྷིང་འཇགས་ཀྱི་མཚོ་མོ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1