ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་དོན་རྩད་གཅོད་དང་ངོ་ཆེན་ཞུ་རིགས་ནན་འགོག་བྱེད་པའི་གཏན་འབེབས་བཟོས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-17


        ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་《ཁྲིམས་འཛིན་གྱོད་དོན་སྒྲུབ་རིང་ནང་ཁུལ་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ངོ་ཆེན་ཞུ་རིགས་སོགས་ནན་འགོག་བྱ་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག》བཟོས་ཏེ་ཞིབ་དཔྱོད་མི་སྣར་ལྐོག་ཏུ་གྱོད་དོན་རྩད་གཅོད་དང་ངོ་ཆེན་ཞུ་བ་སོགས་གྱོད་སྒྲུབ་ལ་འགོག་རྐྱེན་བཟོ་བ་དང་གྱོད་དོན་གཞུང་དྲང་ངང་ཞིབ་གཅོད་བྱ་རྒྱུར་ཤུགས་རྐྱེན་བཟོ་བའི་སྣང་ཚུལ་བདུན་པོ་འཕྲད་ཚེ་དུས་ཐོག་ཏུ་འབྲེལ་ཡོད་འགོ་ཁྲིད་དང་སྒྲིག་བཤེར་ཞིབ་དཔྱོད་སྒྲིག་གཞིར་སྙན་སེང་ཞུ་རྒྱུའི་རེ་བ་བཏོན་ཡོད་པ་རེད།
གཏན་འབེབས་ནང་ཞིབ་དཔྱོད་མི་སྣས་ཁྲིམས་ལུགས་ཀྱི་གོ་རིམ་མམ་ཡང་ན་རྒྱུན་གཏན་ལས་ཀའི་གོ་རིམ་མ་བརྒྱུད་པར་འབྲེལ་བ་འདྲ་མིན་སྤྱད་དེ་ལྐོག་ཏུ་གྱོད་དོན་རྩད་གཅོད་དང་ངོ་ཆེན་ཞུས་ཚེ་ཁས་ལེན་རྒྱུ་མེད།ཞིབ་དཔྱོད་མི་སྣར་ཁྲིམས་འཛིན་གྱོད་སྒྲུབ་བྱེད་སྐབས་འགོག་རྐྱེན་འཕྲད་པ་དང་དེ་བཞིན་ཁྲིམས་འཛིན་གྱོད་སྒྲུབ་མི་སྣར་གྱོད་དོན་རྩད་གཅོད་དངོས་ཤུགས་གང་རུང་ནས་བྱེད་པའམ་ཡང་ན་གྱོད་འབྲེལ་མི་སྣའི་ཉེས་པ་ལས་གཡོལ་བ་དང་།ནག་ཉེས་ཡང་དུ་གཏོང་བ་དང་ཡང་ན་གྱོད་གཞི་སྒྲུབ་རྒྱུར་ཁྲིམས་འགལ་ངང་ཐེ་ཇུས་དང་འགོག་རྐྱེན་བཟོ་བ།གྱོད་སྒྲུབ་ཀྱི་གཏན་འབེབས་དང་མ་འཚམས་པའི་རེ་བ་གཞན་དག་བཏོན་པ་སོགས་ཀྱི་གནས་ཚུལ་འཕྲད་སྐབས་འཕྲལ་མར་སྙན་སེང་ཞུ་དགོས་པའི་ནན་བཤད་བྱས་ཡོད།
         གཏན་འབེབས་ནང་ཁྲིམས་འཛིན་གྱོད་སྒྲུབ་བྱེད་པར་འགོག་རྐྱེན་བཟོ་བ་དང་།གཞུང་དྲང་ངང་གྱོད་དོན་སྒྲུབ་པར་ཤུགས་རྐྱེན་ངན་པ་བཟོས་ཚེ།དུས་ཐོག་ཏུ་གོང་ཞུ་བྱེད་པའི་སྣང་ཚུལ་བདུན་དྲངས་པ་སྟེ།གཅིག་ནི་གྱོད་སྒྲུབ་མི་སྣ་གདན་ཞུ་བྱས་ཏེ་གྱོད་སྒྲུབ་ཀྱི་དོ་བདག་གམ་ཡང་ན་དག་འབུད་པ་དང་།གཏུག་བཤེར་ངོ་ཚབ།གཉེན་ཉེ་བཅས་ལྐོག་ཏུ་ཐུག་འཕྲད་བྱེད་པ་དང་།གཉིས་ནི་གྱོད་སྒྲུབ་མི་སྣ་དང་དེའི་ཁྱིམ་ཚང་གི་གནས་ཚུལ་དང་།དཔང་མིའི་མིང་དང་དེའི་འབྲེལ་ཡོད་གནས་ཚུལ་རྩད་གཅོད་བྱེད་པ།གསུམ་ནི་ཐེར་འདོན་གོང་ཞུ་བྱེད་མཁན་དང་།ཐེར་འདོན་གོང་ཞུའི་ནང་དོན།གྱོད་གཞིའི་གནས་ཚུལ་ངོ་མ།དཔང་ཡིག་ཁོང་དུ་ཆུད་ཚུལ།གྱོད་གཞི་གྲོས་བསྡུར་བྱེད་ཚུལ་བཅས་རྩད་གཅོད་བྱེད་པ།བཞི་ནི་གྱོད་གཞི་ཞིབ་བཤེར་གྱི་ཐོག་མའི་འཆར་གཞི་དང་།མྱུལ་ཞིབ་འཆར་གཞི།མྱུལ་ཞིབ་བྱ་ཐབས།ཉེས་གསོག་དོགས་ཅན་ལ་བཙན་ཤེད་ཀྱི་བྱེད་ཐབས་སྤྱོད་ཡོད་མིན་བཅས་རྩད་གཅོད་བྱེད་པ།ལྔ་ནི་ཡོངས་བསྒྲགས་བྱས་མེད་པའི་གྱོད་གཞིའི་གནས་ཚུལ་དང་ཞིབ་གཅོད་བྱེད་གྲབས་ཡོད་པའི་བསམ་འཆར་གཞན་དག་རྩད་གཅོད་བྱེད་པ།དྲུག་ནི་གྱོད་གཞིར་མངགས་བཅོལ་ཞུ་བ་དང་ངོ་ཆེན་ཞུ་བའམ་ཡང་ན་བྱ་ཐབས་གཞན་བརྒྱུད་གྱོད་སྒྲུབ་མི་སྣར་གནོན་ཤུགས་སྤྲད་ནས་གཞུང་དྲང་ངང་གྱོད་གཞི་བསྒྲུབ་རྒྱུར་ཤུགས་རྐྱེན་བཟོ་བ།བདུན་ནི་ངོ་ཆེན་ཞུས་ནས་གྱོད་གཞི་བསྒྲུབ་རྒྱུར་འགོག་རྐྱེན་བཟོ་བའི་སྣང་ཚུལ་གཞན་དག་བཅས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1