༄༅།། རྐུན་མ་གསུམ་དང་བྱི་བ་གསུམ།

རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱིས་བསྡུ་བསྒྲིགས་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


        སྔོན་འདས་པའི་དུས་ཤིག་ན་རྗེ་བཙུན་འཕགས་མ་སྒྲོལ་མ་ཡི་དམ་དུ་བསྟེན་ནས་བསྟོད་པ་ཕྱག་འཚལ་ཉེར་གཅིག་རྒྱུན་འདོན་དུ་བྱེད་པའི་རྒན་མོ་མ་སྨད་གཉིས་ཡོད་པར། ནང་ཞིག་ཁོང་མ་སྨད་གཉིས་པོ་ཉལ་ནས་ཡོད་པའི་དུས་སུ་བྱི་བ་གསུམ་བསྟུད་མར་རྒྱུགས་ནས་བྱི་བ་སྔོན་མ་དེས་ཁུང་སྒོ་ནས་ལག་པས་མ་སྨད་གཉིས་ཀྱི་ཉལ་སའི་ཐོག་ཏུ་ས་ཐལ་ཞིག་མཆོད་ནས་སོང་། ཡང་བྱི་བ་ཞིག་བྱུང་བས་ཁུང་སྒོ་ནས་ལག་པས་ཀྲབ་ཀྲབ་འགའ་བྱས་ནས་ཁུང་དུ་འཛུལ། དེ་རྗེས་བྱི་བ་ཞིག་བྱུང་བ་དེས་བྱི་ཁུང་སྒོ་ནས་ཁས་མུག་མུག་ཅིག་བྱས་ནས་རྒྱུགས་པ་ལ་བུ་མོ་དེ་མཚར་སྣང་ཆེན་པོ་སྐྱེས། དེ་ནུབ་རྒན་མོ་མ་སྨད་གཉིས་ལ་འཚོ་རྟེན་དུ་གནག་ཕྱུགས་བ་མོ་ཞིག་ཡོད་པ་དེ་བརྐུ་བྱེད་དུ་རྐུན་མ་གསུམ་འཇབ་ཉན་བྱེད་ཞོར་དུ་ཡོང་བ་ལ། རྐུན་མ་སྔོན་མ་དེས་མི་ཡོད་ཨེ་གྲགས་བལྟ་ཡིན་ཟེར་ནས་ས་ཐལ་སྤར་མོ་གང་གཏོར་བ་ལ། རྐུན་མ་དཀྱིལ་མ་དེས་ཐལ་བ་མ་མཆོད་ཟེར་བའི་ཚུལ་གྱིས་ལག་པ་གཡུགས་ནས་ཀྲབ་ཀྲབ་བྱས། རྐུན་མ་རྗེས་མས་བསམ་པ་ལ་བརྐུ་རོགས་གཉིས་ཀྱིས་ཁ་ཞིག་ཤོར་ལས་ཆེ་སྙམས་ནས་སྐད་གསང་ཆུང་ངུས་ཁ་མ་གྲགས་ཟེར་ནས་མ་རེ་མུ་རེ་འགའ་བྱས། དུས་དེར་མ་སྨད་གཉིས་ཁང་པའི་ནང་ན་ཡོད་པར་བུ་མོ་དེས་མ་ལ་ད་ནང་བྱི་བ་དེའི་སྟངས་ཀ་ཞིག་ཨེ་བྱེད་བཟླས་པར། མ་རྒན་གྱིས་བུ་མོ་གཅིག་གྱིས་དང་ཟེར། དེ་ནས་བུ་མོས་ལག་པས་ཐལ་བ་ཞིག་གཏོར་ཏེ་ཐལ་བ་སྤར་མོས་མཆོད་ཟེར། དེ་ནས་ལག་པ་ཡར་གཡུག་མར་གཡུག་བྱས་ཏེ་ལག་པས་ཀྲབ་ཀྲབ་བྱེད་ཟེར། ཡང་མཆུ་ཡིས་མུག་མུག་བྱས་ཏེ་ཁ་ཡིས་མ་རེ་མུ་རེ་བྱེད་ཅེས་བཟླས། ཕྱི་ནས་རྐུན་མ་རྣམས་ཀྱི་བསམ་པ་ལ་མ་རྒན་མ་སྨད་གཉིས་ཀྱིས་རྐུན་མ་ཡོང་བ་ངེས་པར་དུ་གོ་ཚར་འདུག་པས་འབྲོས་ན་ལེགས་སྙམས་ནས་ཕྱིར་བྲོས་བརྒྱབས་ཏེ་འཕགས་མའི་ཐུགས་རྗེས་ཆོམ་རྐུན་པའི་འཇིགས་པ་ལས་བསྐྱབས་པར་བྱས་པའོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1