༄༅། ། གནའ་བོའི་བོད་ཀྱི་སྲོལ་རྒྱུན་འཚོ་བའི་ཤེས་བྱ་ཁྱད་མཚར་ཅན་འགའ།

ར་ཧོར་དགེ་འདུན་དར་རྒྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-05


        འཛམ་གླིང་གི་ཡང་རྩེར་འཚོ་ཞིང་གནས་པའི་བོད་མི་རིགས་འདི་བྱུང་བ་ནས་བཟུང་རིམ་བཞིན་རང་བྱུང་ཁམས་ལ་རྒྱུས་ལོན་བྱས་པས་སྲོལ་རྒྱུན་གྱི་འཚོ་བའི་ཤེས་བྱ་མི་ཉུང་བ་ཞིག་བྱུང་ཡོད་ནའང་སྤྱི་ཚོགས་འཕེལ་འགྲིབ་སྣ་ཚོགས་ཀྱི་དབང་གིས་ནུབ་པར་གྱུར་ཡོད་པ་ནི་བཤད་མི་དགོས། འོན་ཀྱང་ལོ་ལོན་རྒན་པོའི་ངག་ལས་བྱུང་བའི་རིན་ཆེན་གསེར་གྱི་ཉིང་ཁུ་ལས་གནའ་བོའི་བོད་ཀྱི་སྲོལ་རྒྱུན་འཚོ་བའི་ཤེས་བྱ་ཡོད་དོ་ཅོག་ནི་བོད་ཀྱི་འཁོར་ཡུག་དང་འཚམ་པའི་ཚན་རིག་ནང་གི་ཚན་རིག་ཞིག་ཡིན་པ་རེད། དེ་ན་ངོ་མཚར་རྨད་དུ་བྱུང་བའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལས་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་ཞིག་འགོད་པར་བྱའོ།
ཐོག་གི་གནོད་པ་འགོག་པའི་ཐབས།
        ཐོག་ནི་གནའ་ནས་ད་བར་དུ་འབྱུང་ཉེན་ཆེ་བའི་རང་བྱུང་གི་འཇིགས་པ་ཞིག་ཡིན་པ་རེད། ཚན་རིག་དང་མཐུན་པར་བོད་ཀྱི་གཙུག་ལག་ནང་དུ་གློག་གི་འཇིགས་པ་ཞེས་གློག་ལ་ངོས་བཟུང་ཡོད། འབྲོག་ཁུལ་དུ་ཐོག་འབྲུག་གློག་གསུམ་བྱུང་བའི་སྐབས་གྲི་དང་མདུང་ཐུང་སོགས་ལྕགས་ཀྱི་རིགས་སྦྲའི་ཡ་ལོག་གི་ས་ལ་རྡེབ་སྲོལ་ཡོད་པ་ནི་ཐོག་བབས་ན་ས་ཡི་ནང་དུ་གློག་མྱུར་བར་འགྲོ་སླ་བ་དང་མི་ལ་གནོད་སྐྱོན་ཆུང་བའི་ཆེད་དུ་ཡིན་པ་རེད། ཡང་ན་མདུང་རིང་ཀ་ར་དང་མཉམ་དུ་མདུང་རྩེ་སྦྲའི་ཀླད་ལ་བུད་ཡོད་པ་དང་སྒོ་ཕུག་གི་ས་ལ་རྡེབ་པར་བྱ། འདིའི་རྒྱུ་མཚན་ནི་ལྕགས་ཀྱི་རིགས་རྩེ་རྣོ་བས་ཐོག་མི་འབབ་པར་ཕན་པས་ཡིན་པ་རེད། ད་དུང་རོང་པའི་སྒོ་འགྲམ་གྱི་དར་ཆེན་དང་གཙུག་ལག་ཁང་གི་གན་ཇི་ར། ཐིག་ནག རྒྱལ་མཚན་སོགས་ཀྱི་རྩེར་ལྕགས་སྐུད་ཕྲ་མོ་རྩེ་རྣོ་བ་གསུམ་མམ་རེ་རེ་འཛེར་ཡོད་པའང་འདིའི་རྒྱུ་མཚན་གྱིས་རེད། འདི་ནི་དེང་དུས་ཀྱི་ཚན་རིག་དང་མཐུན་ཅིང་བོད་ཀྱི་འཚོ་བའི་ཁྲོད་དངོས་སུ་ཡོད་པ་ཞིག་ཡིན་ནོ།།
ཤ་ཉར་ཚགས་བྱ་ཐབས།
        གནའ་བོའི་བོད་ཀྱིས་རྒྱུན་ཟས་ཤ་ཡིན་ལ་འདི་དྲོ་གྲང་གི་དབང་གིས་ཉར་ཐབས་ལ་དར་ཤ།། ཆུ་ཤ།། སྐམ་ཤ།། ཐུམ་ཤ།། གནོན་ཤ་སོགས་ཡོད། དར་ཤ་ནི་དགུན་ཐོན་ལ་ཉེ་སྐབས་འབྲོག་པའི་རུ་སྟོན་ས་ནས་རྫ་ཁའམ་དབྱར་སའི་ཐོག་གམ་ས་མཐོ་སར་སོང་ནས་ཆུ་མིག་ཞིག་གི་ཉེ་སར་འདུག དར་ཆགས་སྐབས་ར་ལུག་དང་བེའུ་འགའ་བསད་ནས་ལྤགས་པ་མི་ལེན་པར་ནང་ཁྲོལ་བླངས་ནས་གཙང་མར་བཀྲུ་བ་དང་ཡར་བཅུག་ནས་ཁོག་པའི་ཁ་དམ་པོར་བཟོ། ཆུ་མིག་གི་དར་ཆགས་སར་དོང་བསྐོས་ནས་གནོན། དར་ཆགས་ཟིན་པ་ན་མི་དང་གཅན་གཟན་སོགས་ཀྱིས་ལོན་ཐབས་མེད་པས་རུ་དགུན་སར་འགྲོ། དཔྱིད་ཀ་སོང་ནས་དབྱར་ཟླ་འགོ་མ་ཙམ་ལ་ཐོན་སྐབས་དར་ཤ་ཡོད་སའི་ཉེ་སར་རུ་སླར་སོང་ནས་དར་ཞུ་སྐབས་བསྐོས་ནས་ཡར་བླངས་ཚེ་ཤ་མ་ལད་པར་ད་བཤས་པ་བཞིན་ཡོད་པ་རེད། འདིས་ནི་གློག་གི་འཕྲོ་འགྱུའི་གནོད་པ་མེད་པར་དེང་དུས་ཀྱི་འཁྱག་སྒམ་གྱི་ནུས་པ་ཐོན་གི་ཡོད་པ་རེད། ཆུ་ཤ་ནི་རས་ཁུག་ཞིག་གི་ནང་དུ་ཤ་སྣག་བཅུག་ནས་ཉི་མ་མི་ཤར་སའི་ཟམ་འོག་དང་ཤིང་དང་བྲག་གི་གྲིབ་མ་ཡོད་སར་ཆུ་ལ་འཕངས་ནས་ཐག་པས་འདོག འདི་ཁྱི་དང་གཅན་གཟན་སོགས་ལ་ཤོར་ཉེན་ཡོད་པས་གཟབ་དགོས། སྐམ་ཤ་ནི་དགུན་ཁ་ཤ་འཁྱག་བཅད་ནས་ཉི་མ་མི་ཤར་སར་ཐག་གདང་ལ་འཕང་ནས་རླུང་སྐམ་བྱ་དགོས། འདི་སྐམ་རྗེས་ཤ་སྣག་ཅིང་བྲོ་བ་ཞིམ། ཉི་མར་སྐམ་མི་རུང་བས་ཤ་སྲ་ཞིང་མིག་ལམ་དུའང་མཛེས་པོ་མེད། ཐུམ་ཤ་ནི་གྲོད་པུ་ཞིག་གི་ནང་དུ་ཤ་སྣག་བཅུག་ནས་ཚྭ་མང་ཙམ་བཏབ་ནས་དང་དབུགས་མེད་པ་བྱས་ཤིང་ཁ་དམ་པོར་ཐག་པས་བསྡམ་ནས་ཆུ་ཡོད་པའི་སྣོད་ནང་འཇོག འདི་རེས་གཟའ་འགའ་རེ་ལ་ཉར་ཐུབ་ན་ཡང་ཤ་ཡི་བྲོ་བ་དེ་ཙམ་མི་ཞིམ། འདི་ལ་ཚྭ་དང་གྲོད་པུས་རུལ་བྱེད་འབུ་ཕྲ་ནང་དུ་ཞུགས་མི་ཐུབ་པ་བཟོས་པས་ཉར་ཐུབ་པ་རེད། གནོན་ཤ་ནི་ར་ལུག་དང་བེའུ་སོགས་ཆུང་རིགས་ཀྱི་རྐང་པ་དང་ལག་པ་སོགས་ཕྱི་ཅུང་ཙམ་སྐམ་ཡོད་པ་ས་དོང་དུ་ལྷ་ཤིང་ཤུག་པ་དང་སོག་མ་བསྲེག་པའི་ཐལ་བ་ཅུང་ཚ་བའི་ནང་གནོན་པར་བྱེད། འདི་ལ་ཕག་པའི་རྐང་ལག་ཡང་ཆོག འདི་ལ་ཐལ་བ་ཚ་མོས་དུག་སེལ་བྱས་ནས་ཐལ་བ་སྐམ་པོས་རུལ་མི་ཐུབ་པའི་ཕན་ཐོགས་ཡོད་པ་རེད།
ཕྱུགས་ནད་ས་སྐྱོན་གྱི་ནད་འབུ་འཚོལ་བ་དང་འགོག་ཐབས།
        ས་སྐྱོན་ནི་ཕྱུགས་ཀྱི་མཚེར་པ་ལ་ནད་ཕོག་པའི་འགོ་ནད་ཚབས་ཆེན་ཞིག་ཡིན། སྟོན་ཁ་རུ་འདུག་སའི་ཕྱོགས་སུ་ས་སྐྱོན་ཡོད་མེད་འཚོལ་ན་བ་མོ་བཞག་པའི་སྔ་མོ་ཡར་ལངས་ནས་ས་ཡར་མར་ལ་བལྟས་ནས་བ་མོ་ཆགས་མེད་ས་གོར་གོར་ལ་ས་སྐྱོན་གྱི་ནད་འབུ་ཡོད་པ་རེད། དེའི་ཐོག་ཏུ་ཟངས་ཀྱི་སླ་ང་ཆེན་པོ་ཞིག་ཁ་མར་བསྐོར་ནས་མེ་ལ་བསྲེགས། སླ་ངའི་ནང་དུ་སྤང་འབུར་ནས་ཐོག་དུ་བ་ཚ་འདྲ་བ་མང་པོ་ཆགས་ཡོད་ན་ས་སྐྱོན་གྱི་འབུ་མེད་པར་གྱུར་རྟགས་ཡིན། སྒོ་ཕྱུགས་ཤི་བའི་ཁྲག་མ་ཆགས་ན་ས་སྐྱོན་ཡིན་པས་ས་སྐྱོན་གྱིས་ན་མྱོང་པའི་མི་ཞིག་མངགས་ནས་བཤའ་བ་དང་ཟངས་ཀྱི་སླ་ང་ཞིག་གི་ནང་དུ་བཙོ་དགོས། ཟངས་ཀྱི་སླ་ང་མ་ལོན་ན་སྣོད་གཞན་པའི་ནང་དུ་ཟངས་ལེབ་དང་ཟངས་ཕྱེ་འཕངས་ནས་བཙོ་དགོས། ཟངས་ཀྱི་ནང་དུ་ས་སྐྱོན་གྱི་ནད་འབུ་འཆི་སླ་བ་ནི་ད་ལྟའི་ཚན་རིག་གིས་ར་སྤྲོད་བྱས་ཡོད་ལ་གནའ་ནས་བཟུང་བོད་མི་ཕལ་བ་ཞིག་ཡིན་ཡང་ཟངས་སྤྱད་ནས་ས་སྐྱོན་གྱི་ནད་འབུ་མེད་པར་གཏོང་བའི་ཚན་རིག་དེ་ཤེས་ཀྱི་ཡོད་པ་རེད།
        མདོར་ན་དེ་ལྟ་བུ་མང་ནའང་ཐམས་ཅད་འདིར་ཡང་འགོད་ཐབས་བྲལ། དཔེར་ན། ཚན་རིག་གིས་ཆུ་ནང་དུ་འབུ་ཕྲ་མོ་ཡོད་པ་ཤེས་ནས་ལོ་བརྒྱ་ཚོ་གསུམ་ལས་ཡན་མིན། བོད་ཀྱིས་སྲོལ་རྒྱུན་འཚོ་བའི་ཁྲོད་དུ་གནའ་ནས་ད་བར་དུ་ས་ཁྱབ་རྡོ་ཁྱབ་ཡིན་ལ་མ་མཐའ་ཡང་ལོ་སྟོང་གཉིས་ལ་ཉེ་བའི་སྔོན་དུ་བན་བོན་གྱི་འདུལ་བ་སོགས་རིག་པའི་གཙུག་ལག་ནང་དུ་ཡིག་ཐོག་ལ་བཀོད་ཡོད་པ་རེད། དུག་སེལ་དང་ནད་འབུ་འགོག་པའང་མེ་ཡིས་དུག་སེལ་དང་ལྷ་ཤིང་ཤུག་པ། ཙན་དན་དཀར་དམར་སོགས་དྲི་ཞིམ་པའི་རིགས་ཀྱིས་དུ་བསང་བྱ། ཐང་ཁྲོམ། གུ་གུལ་སོགས་གྱིས་དུག་སྦྱོང་བར་བྱེད་པ་སོགས་མང་ངོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1