རོང་ཁུལ་གྱི་དར་བཤད་མདོ་དྲིལ་བསམ་པའི་དོན་འགྲུབ།

རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-17


 ཡ། གཅིག་སུ་བླ་མ་དཀོན་མཆོག གཉིས་སུ་སངས་རྒྱས་དཀོན་མཆོག གསུམ་སུ་ཆོས་དཀོན་མཆོག བཞི་སུ་དགེ་འདུན་དཀོན་མཆོག ལྔ་སུ་དཀོན་མཆོག་གསུམ་པོ་དེ་གོང་ལ་བཞུགས་ནས། དེ་རིང་གནམ་ལ་སྐར་མ་ཡག ས་ལ་དུས་ཚོད་བདེ། བར་ལ་ཚེས་གྲངས་བཟང་། ཟླ་བ་ལ་བློན་པོ་བཟང་། བཟང་གསུམ་གྱི་ཕུན་སུམ་ཚོགས་ས་འདི་ཡི་ཐོག་ལ། ད་དེ་རིང་གི་སྐར་མ་དེ་ཅི་ཡིན་ཟེར་ན། དེ་རིང་གི་སྐར་མ་དེ་འགོ་ཡིན། ལས་ཅི་བྱེད་ཀྱི་འགོ་ལོ་ཡག་རོགས་དགོས། ད་སང་ཉིན་གྱི་སྐར་མ་དེ་ཅི་ཡིན་ཟེར་ན། སང་ཉིན་གྱི་སྐར་མ་དེ་ལག་ཡིན། ལས་ཅི་བྱེད་ཀྱི་ལམ་འགྲོ་རྒྱུག་རོགས་དགོས། ད་གནངས་ཉིན་གྱི་སྐར་མ་དེ་ཅི་ཡིན་ཟེར་ན། གནངས་ཉིན་གྱི་སྐར་མ་དེ་རྒྱལ་ཡིན། བུ་ཚ་བོ་ལ་རྒྱལ་ས་ཐོབ་རོགས་དགོས། གནམ་ལ་ཉི་ཟླ་སྐར་གསུམ་དེ། གཟའ་སྐར་མང་པོའི་ཚོགས་ཀྱིས་བསྐོར། བར་ལ་ཕྱོགས་བཅུའི་སངས་རྒྱས་དེ། ཕྱོགས་བཅུའི་སངས་རྒྱས་ཚོགས་ཀྱིས་བསྐོར། ས་ལ་མི་རྗེ་གསུམ་པོ་དེ། མི་རྗེ་གསུམ་པོའི་ཚོགས་ཀྱིས་བསྐོར། བཀྲ་ཤིས་བདེ་ལེགས་བཀྲ་ཤིས་གང་བར་ཤོག་ལགས། འོ་ལགས་སོ། སྟེང་གི་མི་ལ་ན་ཚ་མ་འོངས་དགོས། ཞབས་ཀྱི་ཟོག་ལ་གོད་ཁ་མ་འོངས་དགོས། ནད་མུག་དང་འཁྲུག་རྩོད་མ་འོངས་དགོས། འགྲོ་བ་ཡི་ཁ་རྗེ་འཛོམས་རོགས་དགོས། ཟས་ནོར་གྱི་ལོངས་སྤྱོད་འཛོམས་རོགས་དགོས། བདེ་སྐྱིད་ཀྱི་ཕུན་སུམ་ཚོགས་རོགས་དགོས། བློ་ལམ་ནང་འགྲོ་རོགས་དགོས། ཆུ་རྐ་ནང་འགྲོ་རོགས་དགོས། བཀྲ་ཤིས་ཁ་དར་འདི་འོང་བ་གང་ན་འོངས། བཀྲ་ཤིས་ཁ་དར་འདི་ཡོང་བ་རྒྱ་ནས་ཡོང་། ཧོར་རྒྱ་མོ་རྫུ་འཕྲུལ་ཅན་གྱིས་བཏགས་པའི་དར། ཚོང་དཔོན་ནོར་བུ་བཟང་པོས་མདུད་པའི་དར། གསེར་སེར་པོ་མེད་ན་མི་ལོན་དོ། དངུལ་དཀར་པོ་མེད་ན་མི་བཙོང་དོ། མཛོ་ཨ་ཆུང་མེད་ན་མི་ཁུག་དོ། དྲེལ་སྨུག་ཆུང་མེད་ན་མི་ཆོག་དོ། དར་འགོ་ལ་ཚ་ལྭ་དཀར་གསུམ་རེད། དར་རྐེད་ལ་གཡུང་དྲུང་རི་མོ་རེད། དར་མཐའ་ལ་རྒྱ་ནག་ལྕགས་རི་རེད། དར་འགོ་ལ་ཚ་ལྭ་དཀར་གསུམ་དེ། སྟོད་རྒྱ་གར་རྒྱལ་པོའི་ཆོས་གཡང་ཚོ། འབོད་མི་དགོས་དར་འགོ་དེ་ལ་ཚང་། དར་རྐེད་ལ་གཡུང་དྲུང་རི་མོ་དེ། བར་བལ་པོ་རྒྱལ་པོའི་ནོར་གཡང་ཚོ། འབོད་མི་དགོས་དར་སྐེད་དེ་ལ་ཚང་། དར་མཐའ་ལ་རྒྱ་ནག་ལྕགས་རི་དེ། སྨད་རྒྱ་ནག་རྒྱལ་པོའི་ཇ་གཡང་ཚོ། འབོད་མི་དགོས་དར་མཐའ་དེ་ལ་ཚང་། བཀྲ་ཤིས་པའི་བཀྲ་ཤིས་ཁ་དར་རེད། ཚེ་རིང་པའི་ཚེ་རིང་ཁ་དར་རེད། དོན་འགྲུབ་པའི་དོན་འགྲུབ་ཁ་དར་རེད། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། གཏན་དུ་བདེ་བ་ཐོབ་པར་ཤོག། 


རྩོམ་ཡིག་སྔོན་མ།
དར་བཤད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1