འཆི་མེད་དབང་མོ་ལ་སྐབས་27པའི་ཀྲུང་གོའི་གསེར་གྱི་གླག་རྒོད་རྟགས་མའི་ཆེས་ཕུལ་དུ་བྱུང་བའི་བརྙན་འཕྲིན་ལེ་ཚན་མདོ་འཛིན་པའི་བྱ་དགའི་མཚན་སྙན་ཐོབ།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-17


        ལྷན་རྒྱས་བདེ་མོ། ང་ནི་སི་ཁྲོན་ཁམས་པའི་བརྙན་འཕྲིན་ཁང་གི་བོད་རྒྱའི་སྐད་གཉིས་མདོ་འཛིན་པ་འཆི་མེད་དབང་མོ་ཡིན། གསེར་གྱི་གླག་རྒོད་རྟགས་མའི་བྱ་དགའ་ཐོབ་པ་འདིས་ང་རང་ཡིད་སྤྲོ་བས་གཏམས་པ་དང་ལྷན་དུ་བསམ་ཡུལ་ལས་འདས་པ་ཞིག་ཀྱང་རེད། ལོ་བཅུ་བཞི་ཡི་སྔོན་གྱི་ཟླ་བ་འདི་ལ་ང་རང་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན་ཏེ་རྫོང་བརྙན་འཕྲིན་ཁང་གི་སྙན་སྒྲོན་པ་ཞིག་ཏུ་གྱུར། ལོ་བཅུ་བཞིའི་རྗེས་ཀྱི་དེ་རིང་ངས་གསེར་གྱི་གླག་རྒོད་རྟགས་མའི་བྱ་དགའ་ལེན་སའི་སྟེགས་བུ་འདིར་ལངས་ཏེ་ལག་ཟུང་གིས་བྱ་དགའི་རྟགས་མ་འདི་བཟུང་ཡོད་པས་དངོས་གནས་སྐལ་བ་བཟང་པོ་རེད་སྙམ། འདི་ནས་ནམ་རྒྱུན་ང་རང་མདུན་དུ་སྐྱོད་པར་ནུས་ཤུགས་སྩོལ་མཁན་རྣམས་དང་། ཁམས་པ་མཐོ་སྒང་དུ་རང་ལ་ནམ་ཡིན་ཡང་རྒྱབ་སྐྱོར་ལྷད་མེད་གནང་བའི་རྒྱ་ཆེ་བའི་ལྟད་མོ་བ། དེ་བཞིན་དུ་ཁམས་པའི་བརྙན་འཕྲིན་ཁང་གི་ལས་གྲོགས་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། འབྱུང་འགྱུར་ང་རང་གིས་མུ་མཐུད་དུ་འབད་བརྩོན་བྱ་ངེས་ཡིན། འདི་ནི་སི་ཁྲོན་ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་འཆི་མེད་དབང་མོས་སྐབས་27པའི་ཀྲུང་གོའི་གསེར་གྱི་གླག་རྒོད་རྟགས་མའི་ཆེས་ཕུལ་དུ་བྱུང་བའི་བརྙན་འཕྲིན་ལེ་ཚན་མདོ་འཛིན་པའི་བྱ་དགའ་ཐོབ་སྐབས་ཧུའུ་ནན་བརྙན་འཕྲིན་ཁང་གི་འཁོར་སྐར་འཕྲིན་ལམ་བརྒྱུད་དེ་ཁོ་མོའི་སེམས་ཀྱི་ཚོར་སྣང་དང་སྙིང་གཏམ་དྭངས་མ་དེ་ཁུ་བྱུག་བུ་མོའི་མགྲིན་གླུ་ཇི་བཞིན་རྒྱལ་ཡོངས་ཀྱི་བརྙན་འཕྲིན་ལྟད་མོ་བ་རྣམས་ཀྱི་རྣ་བའི་དཔྱིད་དང་མིག་གི་དགའ་སྟོན་དུ་བསྟར།

        འཆི་མེད་དབང་མོ་ནི་སྤྱི་ལོ་2000ལོར་དར་མདོ་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས། དར་མདོ་རྫོང་བརྙན་འཕྲིན་ཁང་དུ་མདོ་འཛིན་པ་དང་། གསར་འགོད་པ། བོད་རྒྱ་སྐད་གཉིས་ལོ་ཙཱ་སོགས་ཀྱི་ལས་ཀ་གཉེར། 2009ལོའི་ཟླ་9པར་ཁམས་པ་བོད་སྐད་བརྙན་འཕྲིན་ཁང་དུ་ལས་གནས་སྤོས་ནས་བོད་རྒྱའི་སྐད་གཉིས་མདོ་འཛིན་པའི་ལས་ཀ་གཉེར་བཞིན་ཡོད།

        ཀྲུང་གོའི་བརྙན་འཕྲིན་གསེར་གྱི་གླག་རྒོད་རྟགས་མ་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་མཆོག་མཆན་ཐོབ་པ་དང་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་བརྙན་འཕྲིན་སྒྱུ་རྩལ་སྣ་འཛོམས་རང་བཞིན་གྱི་རྟགས་མ་ཞིག་ཡིན།

        སྔོན་ཆད་གྱི་མང་ཚོགས་བརྙན་འཕྲིན་གླག་རྒོད་རྟགས་མ་ནི་རྒྱལ་ཁབ་རིམ་པའི་མང་ཚོགས་དང་ལྟད་མོ་བས་འདེམ་ཤོག་འཕངས་ནས་བདམས་ཐོན་བྱུང་བའི་བརྙན་འཕྲིན་སྒྱུ་རྩལ་གྱི་ཆེས་མཐོ་བའི་རྟགས་མ་གཅིག་པུ་ཡིན་ལ། སྐབས་16པའི་ཚོགས་ཆེན་སྟེང་དུ་ཀྲུང་གོའི་བརྙན་འཕྲིན་གསེར་གྱི་གླག་རྒོད་རྟགས་མ་རུ་བསྒྱུར། 2008ལོར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་མཆོག་མཆན་བཀོད་ནས་ཀྲུང་གོའི་བརྙན་འཕྲིན་གསེར་གྱི་གླག་རྒོད་རྟགས་མ་ཕྱོགས་ཡོངས་ནས་ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་དུས་ཆེན་གྱི་ཚད་ལྡན་རང་བཞིན་དང་ཚད་མཐོ་བའི་རྟགས་མ་རུ་གྱུར། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1