སེམས་གཏམ།

ཐོ་ཡོར། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23


སྲིད་པའི་སྐྱོ་གར་ཧ་ཅང་དགོད་རེ་བྲོ།།
ལས་ལ་བསྐོས་པའི་མི་དག་རྒྱང་དུ་འགྲོ།
ལན་རེར་ཆ་རྒྱུས་མེད་པའི་མི་ཡི་སར།།
དགའ་སྡུག་སྣང་བ་ཆུ་བཞིན་ལྷུང་ལྷུང་འབབ།།
ལན་བུའི་མདངས་ལ་སྲོད་ཁའི་མཚམས་སྤྲིན་ངུ།།
སྨུག་པ་ཡང་ནི་སྨྲེང་བའི་ལམ་ནས་རྒས།།
ཁྱོད་ཀྱིས་ཕལ་བའི་གོས་ཀྱིས་མེ་ཏོག་གཙགས།།
ང་ཡིས་ཕལ་བའི་མིག་གིས་ཁྱེད་རང་མཐོང་།།
རྐང་སྣམ་སྔོན་པོ་འདབས་ཁ་ཅུང་ཙམ་རྫེ།།
དཀར་འཇམ་ཉྭ་ལ་བསིལ་རླུང་རན་ཙམ་ལྡང་།།
སྟོད་ལྭ་ནག་པོ་དེ་ཡང་ཡི་གར་འོང་།།
གདུང་བའི་ཉིན་སྲིབ་གཉིས་ཀྱི་མུན་པ་སེལ།།
ཚི་ལེན་སྐྱ་བོར་དྲན་པའི་ན་བུན་འཁྲི།།
ང་ནི་ཁྱེད་ཀྱི་ཟུར་ན་སྙིང་ཆུང་ལྡིང་།།
ངག་འཇམ་བསིལ་བའི་སྒྲ་ལ་སེམས་ཀྱིས་ཉན།།
མིག་གིས་ཕུར་ཚུགས་ཞལ་ལ་ལྟ་མི་ཕོད།།
ཡིད་འོང་གཞིས་འདི་ལོགས་སུ་བསྐྱུར་མི་ཕོད།།
གཞིས་འདིས་ཁྱོད་དང་འཕྲད་པའི་དུས་ཚོད་རུམ།།
ཉི་མ་ལ་མོ་བརྒལ་ཡང་སྣང་བ་དྲོ།།
ལྗོན་པའི་གྲིབ་འོག་འདི་ནས་མྱང་འདས་ཐོབ།།
ཁྱེད་རང་ལྗོན་པའི་ཡལ་གར་ཁེན་སྣང་ཤར།།
འཁོར་བའི་དཔྱིད་ཀ་འདི་ཀ་ཙམ་ཡིན་ཏེ།།
རླུང་བུའི་མཛེས་སྡུག་ཁྱེད་ཀྱི་སེམས་ནས་འཕྲོས།།
གཙང་བོའི་འཁྱག་རོམ་ཁྱེད་ཀྱི་གདོང་ནས་ཞི།།
སྲང་ལམ་འདི་ན་མེ་ཏོག་ཅི་ཙམ་བཞད།།
སྲང་ལམ་འདི་ན་སྲོག་ལྡན་ཅི་ཙམ་འཚོ།།
ཁྱེད་རང་མིག་ནང་བབས་པའི་བར་སྐབས་འདིར།།
ང་ཡིས་དེ་ལ་སེམས་ཁྲལ་བྱེད་མི་སྲིད།།
ཀྱེ་མ་ད་ཆ་ང་ཡི་མིག་མདུན་ནས།།
ཁྱེད་རང་ཕྱིན་པ་རྨི་ལམ་ཡིན་ནམ་སྙམ།།
མཛའ་བོའི་ལག་པར་འཁྱུད་ནས་རིང་སར་ཕྱིན།།
ཞབས་ཕྱགས་གཉིས་ཀྱི་ཐྲིག་སྒྲ་གྲག་པ་ནི།།
གཅོང་རོང་ཉམས་ངའི་ནང་གི་ཕྱིར་མིག་འདྲ།།
ཞེ་ཡི་གསང་བ་བྲུག་ན་ཅི་ལྟར་བྱ།།
རྣམ་ཤེས་ཕྱི་ནང་ཀུན་ཏུ་དགུན་ཁ་ཚེས།།
ཁྱེད་ཀྱི་རྒྱབ་གཟུགས་སྟེང་དུ་ཉི་ནུབ་འཆར།།
ང་ཡི་རྒྱང་མིག་ནང་དུ་མུན་ནག་འཕྱུར།།
ཚེ་འདིའི་མེ་ལོང་ནང་དུ་ཅི་ཞིག་བདོག།།
སྨྲེང་བའི་མཚོ་ནང་གླིང་བུ་འབུད་པ་འམ།།
གྲུ་ཤན་རྨས་མ་སེམས་ནས་གཏོང་བ་འམ།།
འཁྲེངས་བའི་རས་འདི་ཆུ་ལ་སྣུབ་པ་འམ།།
སྐྱོ་བའི་ཐབ་ཀ་བཙུགས་ཀྱང་སུ་ཞིག་བསུ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1