ལྷ་མོ་གསུང་འབྱོན་མ།

མཛོད་འཕྲིན། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23


མིག་གིས་ཟུར་མདའ་འཕངས་ནས།།
འཛུམ་གྱིས་མཛའ་གཞས་འགུག་བྱུང་།།
ལས་ཀྱི་མཛའ་མཐུན་བུ་མོའི།།
ཞེ་ལ་བབ་པ་མིན་འགྲོ།།
སླས་སྐྲ་གཡས་སུ་འཕྱངས་ནས།།
མགོ་བོ་གུག་ནས་བལྟས་བྱུང་།།
ཁྲེལ་ཡོད་བྱམས་པ་ཞིག་ལ།།
ཆང་ས་རྒྱག་འདོད་མིན་འགྲོ།།
མཆུ་ཏོ་མུལ་མུལ་བྱས་ཤིང་།།
མིག་གིས་ཆུང་འདྲིས་འཚོས་ནས།།
སེམས་ལ་དབྱར་ཟླ་ཚེས་དུས།།
སྦྲང་ཆར་ཟིམ་ཟིམ་བབ་སོང་།།
རྨི་ལམ་འཁྲུག་ཆ་དོད་པོ།།
བུ་མོ་འཛུམ་ཆུང་ཤིག་ཤིག།
ནམ་མཁར་ཡར་ཡར་གཟིགས་དུས།།
སྙིང་གཏམ་གྱེར་བར་འདུག་གོ།
མིག་གིས་སྐད་ཆ་བཤད་ཅིང་།།
ལང་ཚོའི་སྒེག་ཉམས་བསྟན་བྱུང་།།
རོང་པའི་མཛའ་མཐུན་བུ་མོ།།
སྒྲོལ་མ་གསུང་འབྱོན་ཡིན་རེད།།
ཟུར་མདས་བརྩེ་བ་བརྐུས་སོང་།།
ཚོར་བས་སེམས་པ་བཟི་འགྲོ།།
ལས་ཀྱི་ཆུང་འདྲིས་བུ་མོ།།
རྒུན་ཆང་ལས་ཀྱང་མངར་བ།།
ཉམས་ཀྱིས་སྙན་ཚིག་བྲིས་ཤིང་།།
ཟོལ་གྱིས་ལ་གཞས་ལེན་པ།།
ཆུང་འདྲིས་མཛའ་མཐུན་མེ་ཏོག།
དགོང་ཁའི་སྙན་ཚིག་རིང་མོ།།
གཤིས་རྒྱུད་དྲང་མོ་མདའ་རེད།།
བབས་ལ་ཆགས་པ་ལྷ་རེད།།
ལས་འཕྲོའི་སྙིང་དམར་མེ་ཏོག།
མི་ཡུལ་གཏམ་རྒྱུད་ཡིན་སོང་།།
འཛུམ་ཆུང་ལྷོད་ཀྱིས་གྲོལ་དུས།།
དོན་ལྔ་སྣོད་དྲུག་བདེ་སོང་།།
སྙིང་གཏམ་ཤག་ཤག་བཞུར་དུས།།
སྐོམ་དད་ཆུ་ཡིས་སེལ་འདྲ།།
སྙན་ཚིག་རི་མོ་བྲིས་ནས།།
མཆོད་པའི་རྫས་སུ་བཏེགས་ཡོད།།
མཆོད་བསྟོད་བགྱིས་པའི་ང་ལ།།
བྱིན་རླབས་དངོས་གྲུབ་གནང་ཞུ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1