༄༅།།དྲ་འཇུག་བྱེད་མཁན་གྱི་ན་ཚོད་ཆུང་དུ་འགྲོ་བར་ཁ་གཏད་ཇི་ལྟར་འཇལ་དགོས་སམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-09


གཅིག དྲ་རྒྱ་ནི་དངོ་གཉིས་ལྡན་གྱི་གྲི་དང་འདྲ་བ།
     བྱིས་པ་ཚོས"དྲ་འཇུག"བྱེད་པའི་དུས་ཚོད་ཇེ་རིང་དུ་འགྲོ་བ་དང་། དྲ་འཇུག་བྱེད་མཁན་གྱི་ན་ཚོད་ཇེ་ཆུང་དུ་འགྲོ་བར་སྔ་ས་ནས་བརྟག་དཔྱད་བྱས་པ་དང་གནས་འཕྲིན་སྤེལ་བ་མང་པོ་ཡོད་ཅིང་། ཕལ་ཆེར་བརྟག་དཔྱད་བྱེད་ཐེངས་དང་གནས་འཕྲིན་སྤེལ་ཐེངས་རེ་རེ་ཚང་མར་སེམས་ཁྲལ་ཆེན་པོ་སྐྱེ་རུ་བཅུག་མོད། ཡིན་ན་ཡང་ཕྲུ་གུ་ཚོར་དྲ་འཇུག་གཏན་ནས་བྱེད་དུ་མི་འཇུག་པ་ནི་དོན་དངོས་དང་མི་མཐུན་པ་ཞིག་ཡིན་པ་མངོན་གསལ་རེད།
     དྲ་རྒྱ་དེ་བྱིས་པའི་ངོས་ནས་བཤད་ན་དེ་ནི་དངོ་གཉིས་ལྡན་གྱི་གྲི་ལྟ་བུ་ཞིག་ཡིན་པ་སྟེ། ཕྱོགས་གཅིག་ནས་བྱིས་པ་ཚོ་སྔ་ཙམ་དེང་རབས་ཀྱི་མི་ལ་དགོས་ངེས་ཡིན་པའི་དྲ་རྒྱའི་ཤེས་བྱ་དང་ལག་རྩལ་ཤེས་སུ་འཇུག་ཐུབ་ཅིང་། ཁོང་ཚོར་ཤེས་བྱའི་རྒྱ་མཚོ་མཐའ་མེད་ཀྱི་ཕ་རོལ་ཏུ་འགྲོ་བའི་སྒོ་ཆེན་པོ་འབྱེད་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་དྲ་འཇུག་བྱས་པ་སྔ་དྲགས་ན་བྱིས་པ་ཚོ་དྲ་རྒྱའི་རྩེད་མོ་སོགས་རྟོག་བཟོས་བར་སྟོང་ལ་དབྱིངས་ཞུགས་ནས་ཕྱིར་ཐོན་མི་ཐུབ་པར་གྱུར་སླ་བས། བྱིས་པ་ཚོའི་རྒྱུན་ལྡན་གྱི་སློབ་སྦྱོང་དང་འཚར་ལོངས་ཡོང་བར་གནོད་པ་དང་འགལ་རྐྱེན་བཟོ་སླ་བ་རེད།
གཉིས། བྱིས་པ་དྲ་འཇུག་བྱེད་མཁན་གྱི་ན་ཚོད་ཆུང་དུ་འགྲོ་བར་ཁྱིམ་བདག་གི་སྣེ་ཁྲིད་ཡང་དག་པ་ཆད་མི་རུང་བ།
     དྲ་འཇུག་བྱ་སྤྱོད་དང་གྲངས་ཀ་ཅན་གྱི་ལག་རྩལ་ཐད་ལ་ཁྱིམ་བདག་ཚོ་བུ་ཕྲུག་ལས་ཞན་པ་ཡོད་སྲིད། ཡིན་ནའང་བྱིས་པའི་དྲ་འཇུག་གི་བྱ་སྤྱོད་ལ་ལྟ་སྐྱོང་དང་སྣེ་ཁྲིད་བྱ་རྒྱུ། བྱིས་པར་དྲ་རྒྱའི་བྱང་ཚད་མཐོ་རུ་གཏོང་རོགས་བྱ་རྒྱུ། བྱིས་པ་དྲ་འཇུག་ལ་དབྱིངས་མི་ཞུགས་པར་བྱ་རྒྱུ་བཅས་ཀྱི་ཐད་ཁྱིམ་བདག་ལ་རང་འགན་གཞན་དཀྲི་མི་རུང་བའི་འགན་འཁྲི་ཡོད་པ་སྟེ། འགན་འཁྲི་འདི་ནི་བྱིས་པ་ཚོ་དྲ་འཇུག་གི་ན་ཚོད་ཇེ་ཆུང་དུ་འགྲོ་བ་དང་ཆབས་ཅིག་ཉིན་རེ་ལས་ཉིན་རེར་གལ་ཆེ་བ་དང་དགོས་གཏུག་ཆེ་བར་འགྱུར་བཞིན་ཡོད་པ་རེད།
གསུམ། ཁྱིམ་བདག་གིས་སྣེ་ཁྲིད་ཡང་དག་པར་བྱ་དགོས་པ་མ་ཟད། སློབ་གྲྭ་དང་སྲིད་གཞུང་བཅས་ཕྱོགས་མང་གིས་ཀྱང་ཤུགས་ཆེན་པོ་རྒྱག་དགོས།
     ཁྱིམ་བདག་ཁོ་ནས་ཤུགས་རྒྱག་པ་ཙམ་གྱིས་གཏན་ནས་མི་འདང་བས། སློབ་གྲྭ་དང་སྲིད་གཞུང་སོགས་ཕྱོགས་མང་གིས་ད་དུང་ཤུགས་ཆེན་པོ་རྒྱག་དགོས་པ་རེད། སློབ་གྲྭའི་ཕྱོགས་ཀྱིས་དུས་སྔ་ཙམ་ནས་བྱིས་པའི་དྲ་རྒྱའི་བྱང་ཚད་སློབ་གསོ་སྤེལ་ནས་དྲ་འཇུག་བདེ་འཇགས་དང་སྨྱན་སྦྱོར་བྱང་ཚད་སློབ་གསོ་དེ་སློབ་གྲྭ་འབྲིང་ཆུང་གི་སློབ་ཚན་དུ་བཅུག་ནས། དྲ་འཇུག་བདེ་འཇགས་ཀྱི་ཁྲིམས་ལུགས་སློབ་གསོ་ཁྱབ་གདལ་དུ་གཏོང་དགོས། སྲིད་གཞུང་གིས་ཀྱང་དགེ་མཚན་ལྡན་པའི་བྱ་སྤྱོད་སྤེལ་ནས་དུས་གང་སྔར"དྲ་རྒྱ་རིམ་འབྱེད"ལམ་ལུགས་བཙུགས་ནས་བྱིས་པ་ཚོར་གནོད་པ་མེད་པའི་དྲ་རྒྱའི་ཁོར་ཡུག་ཅིག་བསྐྲུན་དགོས་པ་རེད།
     བྱིས་པ་ཚོ་དྲ་འཇུག་བྱེད་པ་དེ་གཡོལ་ཐབས་མེད་པའི་འཕེལ་ཕྱོགས་ཤིག་ཆགས་ཡོད་ན། སྤྱི་ཚོགས་ཀྱིས་ཉེན་ཁ་སྔོན་འགོག་གི་བཀག་ཆ་ཞིག་བསྐྲུན་དགོས། སློབ་གྲྭས་དུས་གང་སྔ་ནས་དྲ་རྒྱ་བདེ་འཇགས་གི་སློབ་གསོར་སྤེལ་དགོས་པ་དང་། དུས་མཚུངས་སུ་གནོད་མེད་སྐྱོན་བྲལ་གྱི་དྲ་རྒྱའི་སྐྱེ་ཁམས་ཁོར་ཡུག་ཅིག་བསྐྲུན་དགོས་ཤིང་། དྲ་རྒྱའི་སྒྲིག་ལམ་བཅོས་སྐྱོང་དག་ཐེར་བྱེད་ཤུགས་ཆེ་རུ་བཏང་ནས་ཡུན་རིང་ལྟ་སྐུལ་དོ་དམ་གྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། དྲ་ཐོག་ཉེན་རྟོག་པ་ནི་དངོས་ཡོད་སྤྱི་ཚོགས་ཐོག་གི་ཉེན་རྟོག་པ་དང་འདྲ་བར་དྲ་རྒྱའི་རྒྱབ་རྟེན་འགྱུར་མེད་སྟོབས་ལྡན་ཞིག་དུ་འགྱུར་བར་བྱས་ཐོག བྱིས་པ་ཚོའི་དོན་དུ་ཁྱིམ་བདག་ཚོར་གླེང་པ་ཙམ་གྱིས་གདོང་མདོག་འགྱུར་དུ་མི་འཇུག་པའི་དྲ་རྒྱའི་ཁོར་ཡུག་ཅིག་བསྐྲུན་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1