༄༅།། སྐད་ཆ་མེད་པའི་སྐྱེལ་མ།

​ཨ་དོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་ེདྲ་བ། སྤེལ་དུས། 11-02


ཨ་དོན། (རྨ་ཆུ)
        ནོར་ལུང་དེ་སྲིབ་ལུང་གོང་འགབ་གསུམ་དང་གཤིབས་ནས་ཡོད་པ་དང་། ནོར་ལུང་གི་ཁ་གཏད་དུ་ཡོད་པའི་མུ་ཏོ་སྡེ་བ་དེ་རྒྱང་ནས་བལྟས་ན་ཨ་ནེ་རྒན་མོ་ཞིག་ཙོག་འདུག་བྱས་ཡོད་པ་དང་ཤིན་ཏུ་འདྲ་ལ། རྒན་མོ་དེའི་པང་ན་བུ་ཆུང་ཞིག་བདེ་བར་གཉིད་དུ་ཡོད་པ་ལྟ་བུའི་མུ་ཏོ་སློབ་ཆུང་ཡོད། མུ་ཏོ་སྡེ་བ་དེ་ནོར་ལུང་དང་ཁ་གཏད་དུ་ཡོད་པ་དང་མུ་ཏོ་སྡེ་བ་ཡང་ཨ་མ་ཞིག་དང་འདྲ་བ་ལ་དཔེར་བྱས་ན། ནོར་ལུང་དེ་བཞོ་མ་ལ་འོ་མའི་རྒྱ་མཚོ་འཁྱིལ་བའི་གནས་མཆོག་ཅིག་དང་སྡེ་བ་འདི་ཡང་བཞོ་མའི་དཀར་གསུམ་ལ་བརྟེན་ན་སྒོ་ཁ་རྒྱུ་ཡིས་བཀང་བར་བརྟག་པའི་རྟེན་འབྲེལ་གྱི་གཏམ་རྒྱུད་ཅིག་ཀྱང་ཡོད། གང་ལྟར་གཏམ་རྒྱུད་མང་བའི་སྡེ་བ་འདིར་རྟེན་འབྲེལ་གྱི་ས་བོན་གསར་བ་ཞིག་འཁྲུངས་པ་ནི་མུ་ཏོ་སློབ་ཆུང་ཡིན་པ་གདོན་མི་ཟ།
        འཛིན་བདག་རི་ལུང་གིས་སློབ་ཁང་ཕྱི་ན་ཉི་མར་ལྡེ་བའི་སློབ་མ་ཞིག་ལ་སྐད་བཏང་སོང་། རྒན་རི་ལུང་གི་རྒྱུས་ཡོད་ཀྱི་སྐད་དེ་ས་གང་ནས་གྲགས་ཡོང་ཀྱང་ངེད་འཛིན་གྲྭར་མི་ཤེས་མཁན་གཅིག་ཀྱང་མེད་པ་མ་ཟད་ཐ་ན་གློ་ལུད་ཅིག་བརྒྱབ་ན་ཡང་སློབ་མ་ཀུན་གྱིས་ཤེས་པས་ངས་རྒན་གྱི་བཀའ་བཀོད་དེ་ཐོས་མ་ཐག་ཏུ་མདའ་འཕངས་པ་བཞིན་རྒྱུགས་ནས་སོང་བ་དང་། མགྱོགས་དྲགས་པའི་དབང་གིས་མིག་བཙུམས་ནས་རྒྱུགས་ཀྱང་ཐོགས་རྡུག་མེད་པའི་རྡོ་སྐས་ཐེམ་དྲུག་མ་དེའི་ནང་ལ་ཤེད་ཀྱིས་ལྡིང་བའི་སྐབས་སུ་རྐང་སྣེ་ཐེམ་ཟུར་ཅིག་ལ་ཐོགས་ནས་རྐང་བའི་ངར་གདོང་ལ་སྟ་རེ་སྣུན་པ་ལྟ་བུའི་ན་ཟུག་ཅིག་བསླངས་ཀྱང་། རྒན་གྱི་མདུན་སར་མྱུར་བ་མྱུར་དུ་བཅར་དགོས་པའི་བཀའ་ལུང་ཡིད་ལ་ཤར་མ་ཐག་ཡིད་དུ་སྔར་མེད་ཀྱི་སྲོན་ཚུགས་ཤིག་སྐྱེས་པས་ངུ་མ་དགོད་དང་ལྡིང་མ་ལྡིང་གིས་དགེ་རྒན་རི་ལུང་གི་ནང་ལ་འཛུལ།
        “ཧྥིན་དགེ་རྒན་གཞུང་ལམ་ཁར་སྐྱོལ། ཕྱིར་ལམ་དུ་ལྕགས་རྟ་དེད་ནས་ཤོག འེ་གོ་ཐལ།”
        དོན་དག་མགོ་རྔ་གཅིག་ཀྱང་ཧ་མི་གོ་ན་ཡང་རྒན་ལགས་ཀྱི་གསུང་བཀོད་ལ་ཡ་ལན་བཏབ། དགེ་རྒན་གྱི་ཅི་གསུངས་བཀའ་ཡིན་པ་ལྟ་བུའི་གོམས་གཤིས་ཤིག་གམ་ཡང་ན་སྐྲག་ལོབས་སུ་སོང་བའི་སློབ་མ་སུ་ཞིག་ཡིན་ཀྱང་འདི་ལྟར་བཤད་སྲིད། དེའང་ཐེངས་ཤིག་ལ་རྒན་གྱིས་ང་རང་བོད་ཡིག་སློབ་ཐུན་བེད་སྤྱད་ནས་སློབ་གྲྭ་དང་ཁད་ཅུང་རིང་བའི་རང་ཁྱིམ་དུ་དངོས་པོ་ཞིག་ལེན་པར་མངགས། དགེ་རྒན་གྱིས་བཤད་པའི་དངོས་པོ་དེ་ཡིན་པ་ནི་སྒྲ་ལྡན་འཁོར་ལོར་འཇོག་པའི་སྒྲ་ཐག་ཡིན་ཀྱང་རང་ཁྱིམ་ན་སྒྲ་ལྡན་འཁོར་ལོ་ཞིག་རྩ་བ་ནས་མེད་པས་དེ་མུར་ཀླད་པར་གློག་སྐུད་ཅིག་གི་མིང་ཡིན་པ་ལྟ་བུའི་འཁྲུལ་ཤེས་ཤིག་སྐྱེས་པས། གློག་སྐུད་དེ་ཡིད་ལ་བཟུང་ནས་ཤར་མར་ལེན་དུ་སོང་། ནམ་རྒྱུན་དཔེ་ཆའི་ནང་དོན་ཧྲིལ་བོ་བློ་ངོར་ཤར་ཤར་དུ་འདོན་ཐུབ་པར་བསྟོད་ལོབས་སུ་སོང་བའམ་ཡང་ན་དགེ་རྒན་ལ་ཅི་དྲིས་གང་ཤེས་ཀྱི་བྱང་ཆུབ་ཀྱི་ལན་འདེབས་སྟངས་དེར་གོམས་པ་གང་ཡིན་ཆ་མི་འཚལ་ཡང་། ཉིན་མོ་དེར་རྒན་ལགས་ཀྱིས་ཆུང་མ་འབྲོག་མོ་དེས་རང་གི་ལག་ཏུ་སྒྲ་ཐག་ཅིག་བཞག་ན་ཡང་ཅིས་ཀྱང་ཀླད་པའི་ནང་དུ་གློག་སྐུད་ཅིག་ཡིན་པའི་འཁྲུལ་ཤེས་དེ་བསུབ་ཐབས་མེད་པར་གློག་སྐུད་ཅིག་ཡིན་ཚུལ་ཨུ་ཚུགས་ཀྱིས་ལབ་ནས་ཕྱིར་ཐོན་པ་ན། ད་གཟོད་རང་ཉིད་ཀྱིས་ལེན་ནོར་གོ་ནོར་དང་དགེ་རྒན་གྱི་བཅོལ་གདམས་མ་འགྲུབ་པ་ལ་དུས་ཚོད་གཉིས་ཀྱི་རྐང་ལམ་ལ་ཆད་སྣང་ཞིག་ལྟ་ཞོགས་དེ་ལས་ལྡོག་ཏེ་ནོངས་འགྱོད་ཆེན་པོ་ཞིག་སྐྱེས་སུ་བཅུག རྗེས་ནས་ཧ་གོ་བ་ན་ད་གཟོད་ཁོས་ང་ལ་“ཚི་ཏེ”ཞེས་པའི་མིང་དེ་སྤྱད་ཅིང་ངའི་སེམས་སུ་སྐབས་དེར་ཀུན་གྱིས་འབོད་ལོབས་སུ“ཕེན་ཙི”ཞེས་པའི་མིང་དེ་གཅིག་པོ་ཡིད་ལ་བཟུང་ཡོད་པས། “ཚི་ཏེ”ཞེས་པ་ཅི་ནས་ཀྱང་སྒྲ་ཐག་ཡིན་པར་མ་གྲུབ་ལ་དངོས་པོ་གཞན་ཞིག་ལ་མ་གྱུར་རང་འགྱུར་དུ་གྱུར་པ་གཞི་ནས་རྟོགས།
        ནངས་མོ་དེ་ནི་གནམ་གཤིས་ཤིན་ཏུ་དྭངས་པའི་དབྱར་གཞུང་ཞིག་ཡིན་ལ་མུ་ཏོ་སློབ་རའི་ནང་དུ་རྒྱུན་ལྡན་དང་མི་འདྲ་བའི་གནས་ཚུལ་ཅི་ཡང་མེད་ཅིང་སློབ་མ་ཚོས་ཀྱང་སློབ་གྲྭའི་གསར་འགྱུར་ཅི་ཡང་གོ་མེད་པ་འདྲ། ངས་རྒན་ལགས་ཀྱིས་གསུང་བཀོད་ལ་ཡང་བསྐྱར་འདང་ཞིག་རྒྱབ་པ་ན་ད་གཟོད་ཁོ་མོ་དངོས་སུ་སློབ་གྲྭ་ནས་ལས་གནས་གཞན་ཞིག་ལ་འགྲོ་རྒྱུ་ཡིན་པའི་གཏམ་དེ་བདེན་པ་ཡིད་ལ་གསལ་ལེར་འཆར་ཡོང་བས་དོན་དག་གལ་ཆེན་འདི་ཅིས་ཀྱང་སློབ་གྲོགས་ཚོར་བཤད་དགོས་སྙམ།
        “སློབ་གྲོགས་ཚོ། ཧྥིན་དགེ་རྒན་ཕ་ཡུལ་ལ་ལོག་གི་འདུག”
        སློབ་གྲོགས་ཚོ་འུར་དིར་རེ་ངའི་གམ་དུ་བྱེའུ་ཚོགས་སྡོང་འགོར་བབས་པ་བཞིན་འདུས་ནས་སྐད་ཆ་དེ་ཅི་ལྟར་གོ་བ་དང་སུས་བཤད་མིན་བདེན་མིན་གྱི་རྩད་ཁུངས་བཅད་བྱུང་བས། རྒན་ལགས་ཀྱི་བཀོད་སྒྲིག་དེ་ཇི་བཞིན་དུ་བཤད་པ་ན་སློབ་གྲོགས་ཚང་མ་སྐད་ཅིག་དེར་འཇམ་ཅག་གེར་སོང་བ་དང་། གློ་བུར་དུ་སློབ་གྲོགས་སངས་མོས་ཨག་སྐད་ཅིག་དང་བཅས་ཏེ་ངུས་ནས་སློབ་ཁང་སྒོར་རྒྱུགས་སོང་། ཡུད་ཙམ་ཞིག་ལ་སློབ་གྲོགས་ཚོ་ནི་གནམ་ལྡིབ་པ་ལྟར་ཅི་བྱ་གཏོལ་མེད་དུ་ལུས་ན་ཡང་། ནམ་རྒྱུན་རྩེད་མོ་ཁོ་ནར་དགའ་ཞིང་བློ་རིག་གྲིམ་པའི་སློབ་གྲོགས་མགོ་སྟུག་གིས་ཅི་ཞིག་དྲན་སོང་བ་ལྟར་ཀུན་ལ་གྲོས་ཞིག་བཏོན་སོང་།
        “ང་ཚོ་ད་སོང་ནས་སྒོ་ཆེན་ལ་ལྕགས་ཟྭ་རྒྱབ་ན་ཅི་འདྲ་རེད།”
        མུ་ཏོ་སློབ་ཆུང་ནི་མཐའ་སྐོར་སོ་ཕག་དམར་བོས་བརྩིགས་པའི་མཁར་གྱང་གིས་བསྐོར་བའི་བཙན་རྫོང་ཞིག་དང་འདྲ་ལ། ལྷོ་ཕྱོགས་ཀྱི་ནོར་ལུང་ལ་ཁ་གཏད་ནས་ཡོད་པའི་ལྕགས་སྒོ་ཆེན་པོ་དེ་ནི་སློབ་རའི་བཙན་མཁར་དེའི་འགག་སྒོ་ཉག་གཅིག་ཡིན། སྒོ་ཆེན་དེ་ནམ་རྒྱུན་གཏན་ནས་ཡོད་པ་དང་སློབ་གྲྭའི་དྲུག་གཅིག་དུས་ཆེན་དང་བྱ་འགུལ་ཆེ་རིགས་མིན་ན་མ་གཏོགས་སྒོ་འབྱེད་ཀྱི་མེད་པས་གློ་སྒོ་ཆུང་བ་དེ་ལྕགས་ཐགས་ཞིག་གིས་བཏགས་ནས་ཕྱེད་ཙམ་བྱས་ཡོད་པས་ནང་ལ་འགྲོ་དུས་འཛུལ་ཙམ་བྱས་ནས་འགྲོ་དགོས་བ་དང་། གྲིམ་མྱུར་དང་ལྡན་པའི་སློབ་མ་དག་གློ་སྒོ་དེར་འཛུལ་བ་ནི་ཨ་བྲའི་ཁུང་དུ་འཛུལ་བ་ལས་ཀྱང་མགྱོགས་པ་ཡིན། དྲན་ཚོད་དུ་ལོ་རེར་རླངས་འཁོར་རེ་གཉིས་རེ་སློབ་གྲྭར་ཡོང་བའི་དུས་ཡོད་ལ་གཞན་ལམ་ཐག་རིང་བའི་དགེ་རྒན་རེ་འགའ་ལ་ལྕགས་རྟ་རེ་ཡོད་པ་དེ་དག་ཡར་འགྲོ་མར་འགྲོ་བྱེད་ཐེངས་རེར་ད་གཟོད་རྒྱ་སྒོ་དེ་འབྱེད་ཀྱི་ཡོད། དེ་བས་མགོ་སྟུག་གི་བློ་བཀོད་འདི་ལས་ལྷག་པའི་ཐབས་ཞིག་སུས་བཙལ་ཀྱང་རྙེད་དུ་མེད་པ་ཡིན།
        “དེ་བྱེད། སྒོ་ཆེན་ཕྱི་ལ་ཤོར་བ་ནས་ཕྱིར་ཡོང་མེད་པ་ཁོ་ཐག་རེད། ”
        “ང་ད་སོང་ནས་ཟྭ་རྒྱག མི་གཅིག་གིས་ཀྱང་མི་བཤད་པའི་མནའ་སྐྱེལ། ”
        “ས་ཐོག་གི་ཆོས། གནམ་འོག་གི་ཆོས། གནམ་སྔོན་པོ། ཨ་མའི་ཤ། སྐྱབས་མགོན་བཀའ་དྲིན་ཅན། མ་རྒན་མའི་ཤ”
        གློ་བུར་བའི་གྲོས་ཐག་དེར་རྟིང་གནོན་གྱི་མནའ་ཚིག་ཆར་འབབ་འབབ་བྱེད་པ་ན་མགོ་སྟུག་ལའང་གློ་བུར་བའི་སྟོབས་ཤུགས་ཤིག་བྱུང་ནས་ཤར་སེ་སྒོར་རྒྱུགས་སོང་། དོན་ངོ་མར་གྲོས་ཐག་གནམ་ལྕག་འདྲ་ཞིག་བཅད་པའི་གྲོས་ཕུ་ནི་ཟྭ་ཆེན་གཅིག་གི་ལྡེ་མིག་ལ་ཐུག་ནས་ཡོད་ཀྱང་། སློབ་གྲོགས་ཚོའི་གདོང་ལ་དེ་མུར་རྒྱལ་ཁའི་འཛུམ་མདངས་ཤིག་ཐོན་པ་དང་སྐད་ཅིག་མའི་རྒྱལ་ཁའི་འུར་འགོ་དེ་གནོན་མ་ཐུབ་པར་སློབ་ཁང་ཡོངས་སུ་ཁེངས་པར་གྱུར།
        “སུ་ཡིན། ཚང་མ་སྲིབ་དོང་ནང་ནས་ལོངས། སོང་།”
        “གཅིག་གིས་ཀྱང་ངོས་མི་ལེན་ན། སྒོ་སྲུང་ལ་འདྲི། སྐྱག་ཕྲུག་ཚོ།”
        “ད་མ་བཟང།”
        མགོ་སྟུག་གི་ཡིད་ཀྱི་དགུ་ལའང་མ་ཤར་བ་ནི་སྒོ་སྲུང་རྒད་པོ་བཟོད་པའི་སར་སོང་ནས་ལྡེ་མིག་དེ་དོན་དག་གཞན་ཞིག་ལ་ཁ་གཡར་ནས་ལེན་ཐབས་བྱས་པ་དང་། ཁོའི་སེམས་སུ་སློབ་གྲོགས་ཚོ་ཁོ་ནས་ནམ་རྒྱུན་ཁོ་རང་རྒན་ལ་ཞུ་གཏུག་དང་གཡོ་འཚོང་བྱེད་པ་དེ་ནི་ཉེན་ཁ་ལས་ཀྱང་ཉེན་ཁར་བསམ་པ་དང་། སློབ་གྲོགས་ཚོས་མནའ་ལྕགས་འདྲ་བ་ཏག་ཏག་བསྐྱལ་བ་དེ་ཁོ་ན་བདེ་འཇགས་ཀྱི་གོ་ཁྲབ་ཞིག་གོན་པ་ལྟ་བུའི་སྣང་བར་སྒོམ་པའི་ནོར་འཁྲུལ་དེ་ཡིད་ལ་ཤར་། འོན་ཀྱང་། སློབ་གཙོ་རྡོ་རྗེས་ད་སོ་མར་སྒོ་སྲུང་གླེང་མ་ཐག་ད་གཟོད་རང་ཉིད་ཧོལ་རྒྱུགས་ཁོ་ན་བྱས་ཤིང་དོན་དག་གི་མགོ་རྔ་ལ་བསམ་གཞིག་མ་བཏང་བའི་འགྱོད་པ་གཏིང་ནས་སྐྱེས་ཤིང་། སེམས་སུ་དགེ་རྒན་གྱིས་དོན་དག་ཧ་གོ་ན་གཅར་རྡུང་གཅིན་འཆོར་བ་བྱེད་པ་ཁོ་ཐག་ཡིན་པ་ཡིད་ལ་དྲན་པ་ན། རྐང་བ་ས་ལ་མི་ཐུག་ཅིང་སྒྱིད་པ་ཡང་ཡང་འདར་སིག་སིག་བྱེད།
        “མགོ་སྟུག སྐྱག་ཕྲུག ཁྱོད། ”
        སློབ་གཙོ་རྡོ་རྗེ་དུས་ཚོད་སྐར་མ་འགའི་ནང་དུ་ཕྱིར་ལ་ཁྱི་སྨྱོན་བཞིན་ཐོན་ཡོང་བ་དང་། མགོ་སྟུག་བྱེའུ་ཁྲ་ལག་ཏུ་ཚུད་པ་ལྟར་མགོ་མཇུག་མེད་པར་རྡུལ་ཤུར་རེ་དྲུད་སོང་། སློབ་གྲོགས་ཚོས་དོན་དག་གི་མགོ་རྔ་ཅི་ཡང་མི་ཤེས་པས་གཅིག་གིས་གཅིག་ངོར་ལྟ་ཞིང་ཧད་དེ་ལུས། ཅང་མ་འགོར་བར་མགོ་སྟུག་གི་ཨག་རིང་སློབ་རའི་ནང་དུ་བྲག་ཅ་བཞིན་ཁྱབ་ནས་ཡོང་ཞིང་ཧེ་རིང་རེ་འདེབས་ཐེངས་རེར་སློབ་གྲོགས་ཚོའི་ལུས་ལ་སྦྲིད་ཤེད་ཙག་སྒྲ་གྲགས་པ་རེ་རྒྱུགས་གི་ཡོད་པ་དང་། སྐད་ཅིག་མའི་རྒྱལ་ཁའི་འཆར་གཞི་གོར་མོ་རྔ་འདྲ་བོར་དགེ་རྒན་གྱི་རྔ་དབྱུག་རྣོན་མོ་མདུང་འདྲ་བོས་བསྣུན་ཐེངས་གཅིག་ལ་བྲ་རལ་ཐེད་དགུར་བཏང་བ་དང་མཉམ་དུ་མགོ་སྟུག་གི་དཔུང་རོགས་ཧྲག་དམག་ཁྱུ་གཅིག་པོའང་མེ་འོབས་ཁར་ལུས་པའི་འབུ་སྲིན་སྐོར་ཞིག་དང་འདྲ་བར་དངངས་སྐྲག་དང་གྱ་ཚོམ་གྱི་ནང་དུ་ལུས་པར་གྱུར། དངངས་སྐྲག་དེ་མགོ་སྟུག་གི་ལུས་ཀྱིས་མྱོང་གི་ཡོད་ཀྱང་སློབ་གྲོགས་ཚོས་སེམས་ཀྱིས་མྱོང་བའི་དངངས་སྐྲག་དང་སེམས་ཀྱི་ན་ཚ་དེའི་གོ་རིམ་གཅིག་པ་གཅིག་རྐྱང་རེད།
        “རི་ཐར་ད་འགྲོ་རྒྱུ་བྱོས། གཞན་ཚང་མ་གཟར་ནས་སྡོད། ”
        “ད་སྒོ་ལ་ཟྭ་རྒྱོབས། གླེན་ཕྲུག་ལུག་སྟུག་ཚོ།”
        དགེ་རྒན་ཧྥིན་ནི་རྒྱ་རིགས་བུད་མེད་ཅིག་ཡིན་ཞིང་། ཤ་རྩ་དཀར་ཞིང་གཤིས་ཀ་འཇམ་པ། གཟུགས་བོངས་ཆུང་ཡང་དྲང་མོ་མདའལྟར་ཡོད་པས་རྒྱ་ལྭའི་དོར་མ་རྐང་ཕྲ་མ་ཞིག་གྱོན་ན་ལྷག་ཏུ་མིག་ལ་ཡག་སྣང་སྟེར་བ་ཞིག་ཡིན། ཁོ་མོས་ནམ་རྒྱུན་གྱི་སྔ་དྲོའི་ཆུ་ཚོད་ཡོད་ཚད་རྒྱ་ཡིག་སློབ་ཁྲིད་ཀྱི་སྟེང་དུ་སྤྱོད་ཀྱི་ཡོད་པ་དང་། སྐབས་དེར་གྲོང་གསེབ་ཀྱི་ཕྲུ་གུ་ཚོར་རྒྱ་ཡིག་ཁྲིད་པ་ནི་ནོར་ལུག་ལ་མི་སྐད་སློབ་པའི་དཔེ་འཇོག་པ་ལས་འོས་མེད་པ་ཡིན། གྲོང་གསེབ་ཀྱི་སློབ་མ་ཞིག་ཡིན་ན་རྒྱ་ཡིག་དཔེ་ཆ་དང་རྒྱ་ཡིག་སློབ་ཁྲིད་ཁོ་ན་མ་གཏོགས་རྒྱའི་རིག་གནས་ཀྱི་ཁོར་ཡུག་ཞེས་པ་ཞིག་རྩ་ནས་མེད་ལ། གལ་ཏེ་བརྒྱ་ལ་གཅིག་ཡོད་པའི་དབང་དུ་བཏང་ན་ཡང་དུད་ཁྱིམ་ཆ་རྐྱེན་སྡུག་ཤོས་ཅན་ཡིན་ན་ནི་གྱང་ངོས་འདམ་བག་གིས་གསུར་ཡོད་པ་དང་། ལོ་སར་ལ་ཉེ་སྐབས་མཛེས་བཟོའི་ཚུལ་དུ་ཚགས་པར་སྣ་ཚོགས་ཀྱིས་བཏུམ་པར་བྱེད་ལ། དེ་ནི་ད་ལྟའི་གྱན་ངོས་དག་ལ་རས་ཤོག་གིས་བཏུམ་པ་དང་གཉིས་སུ་མེད་པ་ཡིན།
        ཚགས་པར་དེ་དག་གྱང་ངོས་ནས་ལོ་གཅིག་ལ་ལུས་འགྲོ་ལ། ལོ་མཇུག་ཏུ་སླེབས་ན་དུ་མདོག་གིས་ནག་པོར་གྱུར་ནས་གྱང་ངོས་ཀྱི་སྦྱར་མཚམས་སོ་སོ་འང་རྩིགས་ལྡེབས་ཉིལ་བ་དང་འདྲ་བར་ཁ་ཆག་སྣ་རལ་དུ་གྱུར་འགྲོ། རྒྱུ་མཚན་ནི་རྒྱ་ཡིག་དགེ་རྒན་གྱིས་ཁྱིམ་གྱི་ལས་བྱ་བཀོད་སྒྲིག་བྱེད་པའི་ནང་དོན་ནི་རྒྱ་ཡིག་གི་མིང་གསར་འཚོལ་བའམ་ཡང་ན་བསླབ་ཟིན་པའི་མིང་ཚིག་དེ་སློབ་དེབ་མ་ཡིན་པའི་ངོས་ཟུར་གཞན་ནས་འཚོལ་བསྡུ་བྱ་རྒྱུ་དེ་ཡིན་པས། སློབ་ཆུང་ལོ་དྲུག་པོར་ངེད་ཀྱི་ཁྱིམ་མཚེས་ཨ་མ་རྣམ་སྐྱིད་ཚང་གི་གྱང་ངོས་དེ་སྡེ་བའི་སློབ་མ་ཚོའི་སློབ་ཕྱིའི་རྒྱ་ཡིག་གི་མིང་མཛོད་དང་འགྲན་བསྡུར་གྱི་གཡུལ་ས་ཡིན་ཟེར་ཀྱང་ཆོག་ཆོག་ཡིན། དུས་ད་ལྟ་ཡང་བརྗེད་དུ་མེད་པ་ཞིག་ལ་ངས་སློབ་གྲོགས་ཚོར་གསང་སྟབས་ཀྱིས་ཨ་མ་རྣམ་སྐྱིད་ཚང་གི་འཐེན་སྒམ་ཞིག་ན་ཉར་བའི་ཚགས་པར་ངོས་ནས་མིང་ཚིག་བཏུས་ནོར་བྱས་པར་དགེ་རྒན་གྱིས་ཉམས་མ་བཞག་པའི་ཁྲིད་ལྕག་གི་ཆད་པ་ཉོས་པ་ཡང་ཡིད་ལ་གསལ་ལེར་འཆར་ཡོང་། དེ་དག་ཚང་མ་ནི་དགེ་རྒན་ཧྥིན་གྱི་སློབ་ཁྲིད་ལ་ཉན་སྤྲོ་བས་ལོས་ཡིན། སྐབས་དེར་རྒྱ་ཡིག་སློབ་ཁྲིད་དེ་དགེ་རྒན་གྱི་རྒྱ་སྐད་བཙན་ལྡུད་དང་སློབ་མ་ཚོའི་གློག་འདོན་དེ་དབྱངས་ལ་གྱེར་ཀྱང་གོ་རྒྱུ་མེད་པའི་ནེ་ཙོའི་གློག་འདོན་གྱི་དཔེ་གསོན་པོ་ཞིག་ལས་མ་འདས་ལ། སློབ་མ་ཚོས་ཆུ་བཞུར་བཞིན་སྐྱོར་བའི་བློ་འདོན་ཡང་རྒྱ་ཡིག་རྒྱ་སྐད་རེད་ཅེས་སུ་ཞིག་གིས་ཀྱང་ཁ་ཚོན་གཅོད་མི་ནུས་ཏེ་ཅི་ཡང་མི་གོ་བའི་ཕྱིར། འོན་ཀྱང་། ཁོ་མོས་ནམ་རྒྱུན་ཁྲིད་མ་ཐག་ཐབས་བརྒྱ་ཇུས་སྟོང་བཀོལ་བར་བྱེད་ལ་བར་དུ་སློབ་མ་རྣམས་ཀྱིས་སློབ་ཚན་དེ་གཞས་མ་གཏམ་ལྟ་བུ་ཞིག་ལ་སྒྱུར་བའི་མཐའ་མར་ཁོ་མོའང་ཐབས་ཟད་ནས་གཞས་མ་གཏམ་ལྟ་བུའི་ངུ་རིང་བ་མོ་ངུར་བ་འདྲ་རེ་འཆོར་གི་ཡོད།
        དེ་ལྟར་ལོ་ངོ་གསུམ་གྱི་དགེ་སློབ་གྱི་འབྲེལ་བ་དེ་ཕར་བལྟས་ཚོད་ཀྱི་ཤིན་ཏུ་དགོད་བྲོ་ཞིང་དོན་སྙིང་རྩ་ནས་མེད་པ་ཞིག་ཡིན་ཀྱང་དོན་དམ་དུ་དེ་འདྲ་ག་ལ་ཡིན་ཏེ། ཁོ་མོའི་གླུ་དབྱངས་སློབ་ཁྲིད་དང་ལུས་རྩལ་སློབ་ཁྲིད། ད་དུང་སློབ་ཕྱིའི་བྱ་འགུལ་སོགས་ཚང་མ་ནི་སློབ་གྲོགས་སུ་ཡིན་ཡང་མི་སྤྲོ་མཁན་མེད། འོན་ཀྱང་། དེ་རིང་ཁོ་མོ་གློ་བུར་འགྲོ་དགོས་པ་ལྡོག་ཏུ་མེད་པའི་ཆོས་ཉིན་ཅིག་དང་འདྲ་བར་དངོས་སུ་ལམ་ལ་ཆས་འགོ་བརྩམས། འགྲོ་ཁར་མོར་ལྕགས་རྟ་གཡར་མ་དེ་དང་ང་མ་གཏོགས་སྐྱེལ་མ་མཁན་མེད་ལ། སློབ་ཁྲིམས་སུ་ཚུད་པའི་སློབ་གྲོགས་ཚོས་འགོག་མ་ཐུབ་ཀྱང་སྐྱེལ་མ་བྱེད་ཆོག་པ་ལ་གཞི་ནས་ལོག་ལམ་དུ་ལྷུང་ཞིང་། ད་ལྟ་སློབ་ཁང་རྒྱབ་ངོས་ཀྱི་སྲིབ་དོང་དུ་ཁ་གྱང་ལ་གཏད་ནས་ལངས་ཡོད་པས་ཁོ་ཚོས་ཐ་ན་མིག་སྐྱེལ་ཞིག་ཀྱང་བྱེད་མ་ཐུབ་པ་རེད།
        “ཡ། དལ་མོར་སོང་།”
        ཉིན་དེར་ངེད་གཉིས་སློབ་གཙོས་སྐར་མ་འགའི་ནང་དུ་གཏོར་ཕམ་བཏང་བའི་སློབ་གྲྭའི་འགག་སྒོ་དེ་ལས་དངོས་སུ་ཕྱིར་བུད་པ་ཡིན་ལ། ཧྥིན་དགེ་རྒན་གྱིས་སློབ་མ་ཚོར་ཕྱིར་མིག་འཕེན་པའམ་ཡང་ན་སློབ་གྲྭར་འཁྲེང་བ་གང་ཡིན་ཆ་མི་འཚལ་ཡང་ཡང་ནས་ཡང་དུ་ཕྱི་མིག་འཕེན་ཅིང་ཕྱོགས་བཞིར་ལྟ་ཞོར་དང་འགྲོ་ཞོར་བྱེད། ཆེས་མཐའ་མཇུག་གི་སྐྱེལ་མ་དེར་སྐད་ཆ་མེད་ལ་བདེ་མོའང་འཇོག་མཁན་མ་བྱུང་། གལ་ཏེ་ཉིན་དེར་སློབ་གྲོགས་ཚོས་དོན་དག་དེ་བཟོས་མེད་པའི་དབང་དུ་བཏང་ན་ཡང་སྔར་བཞིན་འགྲོ་རུ་མི་འཇུག་པའི་བརྡ་ཞིག་ཅི་ལྟར་སྟོན་མིན་ལ་བསམ་གཞིགས་གཏོང་རྒྱུ་ལས་གཞན། མི་གཅིག་གིས་ཀྱང་རྒྱ་སྐད་ཚིག་གཅིག་ཀྱང་མི་གོ་བས་གྱེས་བརྡ་ཞིག་གམ་ཡང་ན་བདེ་མོའི་སྐད་ཆ་ཞིག་ཡང་སྙིང་ཅི་ལྟར་འཇོག་གམ།
        “འདི་ནས་ཅུང་ཙམ་འདུག”
        ཁོ་མོའི་གདོང་གི་རྣམ་འགྱུར་དང་ལག་བརྡ་སྟོན་ཚུལ་ལ་བལྟས་ན་སྐད་ཆའི་ནང་དོན་ཕལ་ཆེར་དེ་ཡིན་པས་ང་རང་ལྕགས་རྟའི་གོང་ནས་ཐང་ལ་བབས་པ་ཡིན། དགེ་རྒན་གྱིས་ཀྱང་ལྕགས་རྟའི་འཁེན་རྟེན་བཀར་ནས་ལམ་འགྲམ་དུ་བཞག་རྗེས་སྤང་ཁུགས་སུ་ཙོག་པུར་བསྡད་སོང་། ཁོ་མོའི་ངོ་གདོང་གང་བོར་སྐྱོ་ཉམས་ཀྱིས་ཁེངས་ཡོད་ལ་མགོ་བོ་པུས་མོ་གཉིས་གའི་བར་ལ་བཞག་ནས་ཡུན་རིང་ཞིག་འགོར། ངས་མེ་ཏོག་འཐུ་ཁུལ་གྱིས་ཅུང་ཙམ་ཕར་སོང་བ་ན་ཁོ་མོའི་ངུ་སྐད་ཀྱང་ཇེ་མཐོ་ནས་ཇེ་མཐོ་རེད། རེ་ཞིག་སྤང་ཁུད་དེར་འདུ་བྲལ་སྒྱུ་མའི་སྙིང་བོ་རྟོགས་པའི་མགུར་གླུ་སྐྱ་བོ་ཞིག་བཏང་སོང་ལ། ང་ཁོ་ན་ཉན་པ་པོ་དང་ཁོ་མོ་ཁོ་ན་རྟོགས་པའི་གྱེས་རྟ་དབྱངས་སུ་འགུགས་པོ་ཡིན། ངའི་སེམས་ཁོངས་སུ་གློ་བུར་བའི་མཆི་མ་ཞིག་རྦབ་ཆུ་བཞིན་དུ་ཐོན་ན་ཡང་ངུ་སྐད་དེ་ཅི་ནས་ཀྱང་སྒོར་འབྱིན་མ་ཐུབ། ཕྱེ་ལེབ་དམར་སེར་ཆ་གཅིག་དགེ་རྒན་གྱི་མགོ་ཐོག་དང་མདུན་ནས་ཕར་འཕུར་ཚུར་འཕུར་བྱེད་ལ། ལན་རེར་སྐོར་བ་འགའ་ཡང་རྒྱག་པ་མཐོང་བས་སེམས་སུ་རང་ཉིད་ཕྱེ་ལེབ་དེར་སྤྲུལ་ནས་ཁོ་མོའི་ལག་མཐིལ་དུ་འབབ་ཐུབ་ན་ཅི་མ་རུང་སྙམ། དེ་ནི་རང་ཉིད་ཁོ་མོའི་པང་དུ་མཆོངས་ནས་སེམས་གསོ་ཞིག་བྱེད་པ་ལྟ་བུའི་བདེ་བ་ཞིག་རེད་འང་སྙམ་པའི་མོད་ལ་ཕྱེ་ལེབ་དེ་གཉིས་ཀྱང་གློ་བུར་དུ་རྒྱང་ལ་འཕུར་སོང་།
        “ད་འགྲོ་རན།”
        ཁོ་མོ་ཡར་ལངས་ནས་ང་ལ་ལག་བརྡ་སྟོན་བཞིན་སྐད་ཆ་ཞིག་བཤད་སོང་། དེ་ནི་ཕལ་ཆེར་འགྲོ་ཞེས་པའི་དོན་ཡིན་པ་འདྲ། མིག་རྩ་དམར་པོར་གྱུར་ཅིང་གདོང་མདོག་ལ་སེར་ཐག་ཆོད་པ་མ་ཟད་ནམ་རྒྱུན་སྣུམ་གནག་གེར་ཡོད་པའི་སྐྲ་ལོའང་འཛིང་འཛིང་དུ་ཡོད་པས་ངའི་མིག་ལམ་དུ་རྒན་ལགས་ནི་གློ་བུར་དུ་རྒས་ཉམས་ཀྱིས་ཁེངས་པའི་རྒན་མོ་ཞིག་དང་ན་ཟུག་གིས་མནར་བའི་ནད་པ་ལྟ་བུ་ཞིག་ཏུ་གྱུར། ཁོ་མོའི་གྱེས་གདུང་གི་ན་ཟུག་དེ་དང་བརྗོད་འདོད་ཀྱང་བཤད་ཐབས་མེད་པའི་གྱེས་ཁ་མའི་སེམས་འགལ་དེ་འང་ཕར་བལྟས་ན་ཧ་ཅང་མངོན་གསལ་རེད།

        “སློབ་ཐུན་རྗེས་མ་ཅི་ཞིག་རེད།”

        “ཁི་སྟོང་རེད།”
        དབྱར་དྲུག་པའི་མེ་ཏོག་གི་མཚོ་མོ་འཁྱིལ་བའི་གསེར་ཆེན་ཐང་ནི་མུ་མཐའ་མེད་བའི་ནམ་མཁའ་ཐང་ལ་ལྷུང་བ་དང་འདྲ་ལ། གནམ་གཤིས་དང་བསིལ་རླུང་གི་རྒྱུ་བ་འཇམ་པོ་མི་སེམས་སུ་དལ་གྱིས་འཛུལ་བ་ནི་རེག་བྱ་དང་ཚོར་བ་ལས་བརྒལ་བའི་འཛད་མེད་ཀྱི་ལོངས་སྤྱོད་ཅིག་དང་མཚུངས་པས། རྒན་ལགས་ཀྱི་ངུ་སྐད་དང་ངའི་སེམས་ཀྱི་མཆི་མ་འང་མདུན་གྱི་མཛེས་ལྗོངས་ལས་ཡུན་གྱིས་ཡལ་བར་གྱུར། སྐབས་དེར་རྒན་ལགས་ཀྱིས་གདོང་ལ་ཡང་བསྐྱར་མེ་ཏོག་སེར་ཆེན་ལྟ་བུའི་རང་བཞིན་གྱི་འཛུམ་མདངས་ཤིག་མངོན་བྱུང་བས་ངའི་སེམས་སུ་ཁོ་མོ་ཆེས་ཐོག་མར་སློབ་ཁང་དུ་ཐོན་དུས་ཀྱི་དགོད་བྲོ་བའི་ཕྱིར་དྲན་ཞིག་ཡིད་ལ་ཝ་ལེར་ཤར་བྱུང་། ཁི་སྟོང་ནི་ངེད་སློབ་གྲྭའི་ལོ་ངོ་མང་བོ་ཞིག་ལ་སྤྱད་མྱོང་བའི་མིང་ཚིག་གསར་བ་ཞིག་ཡིན་ཏེ། དེའི་དོན་ནི་སློབ་ཁྲིད་མེད་པའི་སློབ་ཐུན“ཁུང་ཐང”ཅེས་པའི་དོན་ཡིན་འདུག ཁོ་མོ་ཆེས་ཐོག་མར་སློབ་གཙོ་གཞོན་པ་ཞིག་གི་འགྲོ་རོགས་འོག་སློབ་ཁང་ཐོན་མ་ཐག་སློབ་མ་ཚོར་འཛུམ་མདངས་ཤིག་གིས་ངོ་བརྡ་སྤྲད་པ་དང་། དེ་དང་མཐུད་ནས་སློབ་གཙོའི་ལོ་ཙཱ་ལ་བརྟེན་ནས་སྐད་ཆ་མང་པོ་ལབ་སོང་། སློབ་མ་ཚོས་ཁོ་མོ་རྒྱ་མོ་ཞིག་ཡིན་པ་ཤེས་འཕྲལ་མཚར་སྣང་གི་མིག་རིག་རིག་དང་རྣ་ཅོར་ཅོར་གྱིས་ཉན་ནས་ཡོད་ལ། ཁོ་མོ་འང་སློབ་གྲྭ་འདིར་ཆེས་ཐོག་མར་ཐོན་པའི་བོད་སྐད་མི་ཤེས་བའི་རྒྱ་མོ་གཅིག་པུ་རེད། དེ་བས་ཉིན་དེར་མོས་ང་ཚོར་ཅི་ཞིག་བཤད་པ་ན་སློབ་གཙོས་ལམ་སེང་ལོ་ཙཱ་བྱས་ནས་སློབ་ཐུན་རྗེས་མ་ཅི་ཡིན་འདྲི་གི་འདུག་ཟེར་བས་ཀུན་གྱིས་མགྲིན་གཅིག་ཏུ“འདྲེས་སྐད”ཅེས་ལན་དུ་བཏབ། མོས་སྔར་བཞིན་ཅི་ཡང་མ་གོ་བས་སློབ་གཙོ་གློ་བུར་ངར་ལངས་ཞིང་ངོ་ཚ་བ་ལྟ་བུ་ཞིག་གིས་རྗེས་ཕྱོགས་ནས་དེ་ལྟར་བཤད་མི་རུང་ཟེར་བ་ན་ཚང་མ་ཧབ་ཆ་དིར་རེར་བཏང་། འདས་དོན་དེ་ཡིད་ལ་དྲན་ཐེངས་རེར་ང་ཚོ་སློབ་གྲོགས་ཚང་མ་ལ་ཁོངས་དགོད་གཏིང་ནས་མི་སྐྱེས་མཁན་ཞིག་ག་ལ་ཡོད་དེ་མེད་དོ། །
གསེར་ཆེན་ཐང་ནས་ཡང་བསྐྱར་ལམ་ལ་ཆས་ནས་གཞུང་ལམ་ཕྱོས་སུ་སོང་། རྒན་ལགས་ཀྱིས་ལྕགས་་རྟ་དལ་བུ་དལ་བུར་བསྐོར་ནས་འགྲོ་ལ་ང་རང་ལྕགས་རྟའི་འཕོང་ནས་བསིལ་རླུང་འཇམ་པོ་ཞིག་གི་གཡབ་མོར་བརྟེན་ནས་ལུས་ཡོངས་ལ་བསིལ་སྣང་སྐྱིད་པོ་ཞིག་གིས་ཁེངས་པར་གྱུར། གྲིབ་མ་ཡ་ཡོར་དེ་ངེད་གཉིས་ཀྱི་གཞུག་ལ་རྒྱུགས་རྒྱུགས་མཐར་མེད་པར་གྱུར་པས་ད་གཟོད་གཞི་ནས་གཞུང་ལམ་ཁར་སླེབས་ལ་ཉེ་བ་རྟོགས་ཡོང་།
        “ད་ཕྱིར་ལ་སོང་།”
        “འོ་ཡ། འིན།”
        སྐྱེལ་མ་དེ་ཆེས་མཐའ་མཇུག་གི་སྐྱེལ་མ་ཡིན་པ་སུས་ཀྱང་མི་རྟོགས་ན་ཡང་སྐྱེལ་མ་དེ་སྐད་ཆ་མེད་པའི་སྐྱེལ་མ་ཞིག་ཡིན་པ་མོ་དང་ང་ལ་མི་གསལ་ལམ། ངས་བཤད་པའི་སྐྱེལ་མ་ཚིག་གཅིག་པོ་དེ་ཁོ་མོར་མཚོན་ན་མི་སྐད་ཡིན་པ་ལས་གོ་བརྡ་སྤྲོད་བྱེད་ཅིག་ག་ནས་ཡིན་ཏེ་ཁོ་མོའི་སྐད་ཆ་དེའང་ངས་ཡིད་ཚོད་བྱས་པ་ཁོ་ན་ཡིན། དབར་ན་རླུང་བུ་སྲབ་མོ་ཞིག་ལས་མེད་པའི་སེམས་ཀྱི་བར་ཐག་ཆེས་ཉེ་བའི་ཉིན་མོ་དེར་ཆེས་མཐའ་མཇུག་གི་སྐྱེལ་མའི་ཚིག་གཅིག་གི་ཚོར་བ་དེ་གནམ་སའི་ཁྱད་པར་བཞིན་ཡིད་དུ་མི་འཐད་པ་ཞིག་ཏུ་གྱུར་ན་ཡང་། དགེ་རྒན་དུས་གཏོང་རླངས་འཁོར་དེའི་སྒོ་ཐེམ་དུ་བུད་པ་ན་ངས་ལུས་ཤུགས་ཡོད་ཚད་ཀྱིས་ཁོ་མོའི་མིང་ནས་ཐེངས་གཅིག་བོས་ཡོད་ལ་ཁོ་མོས་ཀྱང་ང་ལ་ལག་བརྡ་ཡང་མོ་སྤྲད་ནས་ཕྱིན་སོང་། གྱེས་སྟངས་དེར་གཞུང་ལམ་ཁ་ནས་དངོས་སུ་རྫོགས་ཚིག་བཀོད་པ་དང་འགྲོ་སྟངས་དེར་ཉིན་མོ་དེར་དངོས་སུ་སྡོམས་ཚིག་བཀོད། དེ་ནི་ཁོ་མོ་གར་འགྲོ་ངས་ཅི་ཡང་མི་ཤེས་པ་དང་ང་ཡང་གར་གནས་ཁོ་མོས་ཀྱང་ཅི་ཡང་མི་ཤེས་པ་དེ་རེད།
        “ངས་ཁྱེད་ཀྱི་ཟ་རིན་རྩིས་བརྒྱབ་ཟིན། ཁྱོད་ཀྱི་རུས་ཧྥིན་འེ་ཡིན།”
        “ཁྱོད་འཕྱུག་འདུག ང་། ངའི་རུས། དེ་ཡིན།”
        “ང་འཕྱུག་མེད། ང་ཁྱོད་ཀྱི་སློབ་ཆུང་སློབ་མ་ཞིག་ཡིན། མིང་ལ།”
        “ད་ཤེས། ཤེས་གི”
        “ད་བར་ཅི་འདྲ་རེད།”

        ལོ་ངོ་སུམ་ཅུ་ཏན་ཏན་འགོར་ཟིན། ང་རང་སློབ་ཆེན་ནས་མཐར་ཕྱིན་ཅིང་ལས་གནས་ལ་ཞུགས་པ་མ་ཟད་བཟའ་ཟླ་དང་བུ་ཡང་ལོ་བདུན་ལ་སླེབས་ཡོད་པའི་ཉིན་ཞིག་ལ་ཞིང་ཆེན་སྨན་ཁང་ཆེན་མོའི་སྒོ་འགྲམ་གྱི་སྤྲིད་ཚོད་སྔོ་ཐང་གི་ཟ་ཁང་ཆུང་ཆུང་ཞིག་ནས་ཆ་ཡོད་ཀྱི་ངོ་གདོང་ཞིག་དང་ཆ་མེད་ཀྱི་རྒན་མོ་ཞིག་ལ་འཕྲད་པ་ནི་ཁོ་མོ་སྟེ་བདག་གི་བྱིས་བློ་ན་འཇགས་པའི་དགེ་རྒན་ཧྥིན་རེད། བདེན་ཏེ་ཁོ་མོ་རེད། །

(2017ལོའི་ཟླ་ཟེར་དེབ་གསུམ་ན་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1