ཀྲུང་གོའི་རྩྭ་ལས་གོང་འཕེལ་ཆེན་པོ་གཏོང་རྩིས་ཡོད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-24


    

          རྩྭ་དང་མེ་ཏོག་ཆུང་ཆུང་ཡིན་ཡང་དེ་ཁོར་ཡུག་དང་།འོ་ལས།རྒྱལ་ཡོངས་མི་དམངས་ཀྱི་བདེ་སྐྱིད་བཅས་དང་འབྲེལ་བ་ཡོད་པ་ཞིག་རེད།དེ་ནི་ཉེ་ཆར་ཧུའུ་ཧེ་ཧོ་ཐེར་སྐོང་འཚོགས་བྱས་པའི་སྐབས་གསུམ་པའི་ཀྲུང་གོའི་རྩྭ་ལས་ཚོགས་ཆེན་གྱི་ཚ་ཚ་འུར་འུར་གྱི་གླེང་གཞི་ཆེན་པོ་ཞིག་ཡིན་པ་རེད།ཐེངས་འདིའི་གྲོས་ཚོགས་ཀྱིས་ལོ་རྒྱུས་ཀྱི་གོ་སྐབས་དང་།སྐྱེ་ཁམས་ཤེས་དཔལ།ཟས་རིགས་བདེ་འཇགས་བཅས་བརྗོད་བྱ་གཙོ་བོ་བྱས་པ་དང་།ཀྲུང་གོའི་རྩྭ་ལས་རིགས་གཅིག་མཁས་པ་དང་།གྲགས་ཅན་ཁེ་ལས།དེ་བཞིན་ཚན་ཞིབ་ལས་ཁུངས་དང་སློབ་གྲྭ་ཆེ་ཁག་སོགས་འབྲེལ་ཡོད་སྒྲིག་འཛུགས་དང་ཚོགས་པའི་མི་500ལྷག་ཙམ་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

       ཀྲུང་གོའི་རྩྭ་ལས་གླེང་སྟེགས་ཐོག་ཀྲུང་གོའི་རྩྭའི་ཐོན་ལས་གོང་འཕེལ་གྱི་སྙན་ཞུ་སྤེལ་ཡོད་པ་རེད།སྙན་ཞུའི་ནང་།མིག་སྔར་ཀྲུང་གོའི་མི་ཐབས་རྩྭ་འདེབས་ཀྱི་རྒྱ་ཁྱོན་མུའུ་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ཟིན་ཞིང་།ལོ་རེར་རྩྭ་ཏུན་བྱེ་བ་བཞི་དང་ས་ཡ་ལྔ་ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད་པ་དང་།རང་ཐོན་རང་སྤྱོད་རང་བཞིན་དང་།སྐྱེ་ཁམས་ནུས་པའི་རང་བཞིན།ཚོང་ཟོག་ཐོན་སྐྱེད་རང་བཞིན་བཅས་གཟན་རྩྭའི་འདེབས་འཛུགས་ལས་རིགས་གསུམ་ཆགས་པ།རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་རྩྭའི་ཐོན་རྫས་ལས་སྣོན་ཁེ་ལས་300ལྷག་ཙམ་ཡོད་པ་དང་།དེ་ཞིང་ལྗོངས་21ལ་ཁྱབ་ཡོད་ཅིང་།གཙོ་བོ་བྱང་ཕྱོགས་ཀྱི་ཀན་སུའུ་དང་། ནང་སོག ཧེ་ལུང་ཅང་།ཅི་ལིན།ཉིང་ཤ།ཧོ་ནན།ཧོ་པེ་སོགས་ས་གནས་སུ་གཅིག་སྡུད་བྱས་ཡོད་པ་བཅས་མངོན་ཡོད་པ་རེད།
         རྩྭ་ལས་གླེང་སྟེགས་ཐོག་ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཡུས་ཁང་ཀྲེང་གིས།ཀྲུང་གོའི་རྩྭ་ལས་དེ་ལོ་རྒྱུས་ཀྱི་གོ་སྐབས་གསར་པར་སླེབས་པ་དང་།ཀྲུང་གོའི་རྩྭ་ལས་གོང་འཕེལ་ཆེན་པོ་འགྲོ་རྒྱུ་རེད།གང་ལགས་ཤེ་ན།ཀྲུང་གོས་སྐྱེ་ཁམས་ཁོར་ཡུག་དང་ཟས་རིགས་བདེ་འཇགས་ལ་སྔར་བས་མཐོང་ཆེན་བྱེད་ཀྱི་ཡོད་ཅེས་གསུངས་པ་དང་།ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི་རན་ཅི་ཀྲའུ་ཡིས།ཀྲུང་གོའི་རྨོ་ཞིང་ཞིང་ལས་དེ་རྩྭ་སའི་ཞིང་ལས་ལ་འཕོ་འགྱུར་འགྲོ་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།
          མིག་སྔར།ཀྲུང་གོར་རྩྭ་ལས་གོང་འཕེལ་གཏོང་བའི་རྒྱབ་ཁབ་ཀྱི་རྒྱབ་སྐྱོར་མ་ལག་ཅིག་ཆགས་ཡོད་ཅིང་།སྲིད་ཇུས་དང་།མ་དངུལ།ལག་རྩལ་སོགས་ཕྱོགས་གང་ཅིའི་ཐད་ནས་རྩྭ་ལས་གོང་འཕེལ་ལ་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད།འབྱུང་འགྱུར་ཀྲུང་གོས་རྒྱལ་ཁོངས་ས་ཆའི་རྒྱ་ཁྱོན་གྱི་བརྒྱ་ཆ་41ཟིན་པའི་རྩྭ་ཐང་གི་རྨང་གཞིའི་ཐོག་རྩྭ་སའི་ཞིང་ལས་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1