༄༅། ། ཚང་རྩིས་བརྒྱ་དང་། ལག་གཡུག་སྟོང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-24


  

       ཤ་ཚ་བའི་གཏམ་ལ་སྙན་་མོ་མེད།།  ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད།།

      རང་ཉིད་ཕ་ཡུལ་དང་ཁ་གྱེས་ནས་ཕ་ཡུལ་གླེང་སྐབས་ཕ་ཡུལ་ནི་ཅི་ཞིག་གིས་སྟོང་སོང་སྙམ་པའི་སེམས་ཁྲལ་ལྷག་མ་ཞིག་རྒྱུན་དུ་ཡོང་གིན་འདུག དེ་ནི་ད་དུང་གང་ཟག་ཡིན་ན་སངས་རྒྱ་རུང་ཡིན་པས་ཁྱབ་ཅེས་པའི་སེམས་ཅན་ཐམས་ཅད་མ་རུ་སྒོམ་མཁན་གྱི་ཤཱཀྱའི་ཆོས་ལུགས་ཀྱི་དགོངས་དོན་ལ་སེམས་ཁེན་ནས་རང་ཉིད་རྒྱུན་དུ་དམའ་ས་ནས་པུས་མོ་ཐང་ལ་བཙུགས་ཏེ་བླ་སྤྲུལ་སྨྱ་ནེ་སྨྱོན་ནེ་ཚོའི་བྲན་གཡོག་ཏུ་འགྱུར་གྱིན་ཡོད་པ་ད་དུང་རྟོགས་མེད།  ད་ལོ་ཡང་ཡག་མིང་ལ་ཆུ་བ་བླ་མ་དང་བཙོག་མིང་ལ་སྨིན་ཐང་ཇོ་མོའི་བླ་མ་ཟེར་བ་ཞིག་གིས་ངའི་ཕ་ལ་ལ་ཚེ་འདི་ཕྱི་གཉིས་ཀ་ཁོའི་ལག་མཐིལ་ནས་རིག་ཅེས་པའི་རྫུན་གཏམ་ལུང་བ་གང་བཤད་ནས་བུད་ཐལ། ཉིན་དཀར་འབངས་མི་སེར་ཚོའི་གོང་ནས་ཐུར་དུ་འཁོར་ནས་མིག་ཟུང་བཙུམ་ཁལ་གདང་ཁལ་བྱེད་ཞོར་དབང་བསྐུར་ནི་རེད། མཚན་མོ་ཇོ་རྒན་མ་སྐོར་ཅིག་ཁྲིད་དེ་རེ་རེ་བཞིན་ཕོ་མོའི་བདེ་དགའ་ལོངས་སུ་སྤྱོད་ནི་རེད། ཡིན་ཡང་ད་དུང་དམངས་ཚོགས་རྨོངས་དད་མཁན་ཚོའི་བུ་ཕྲུག་ལ་སློབ་གསོ་འདི་ལྟར་རྒྱག་ནི་རེད། ཁོང་ལྟ་བུའི་སེར་མོ་ཡག་པ་ཞིག་འཁྱོངས་སོང་ན་གདན་ཐོག་ཏུ་བསྡད་ནས་སྡེར་ནང་དུ་རྙབ་རྒྱའི་་འགན་མ་གཏོགས་ཅི་མེད་ཚུལ་སོགས་བཤད་ནི་རེད། མཐར་གཏུགས་ན་བོད་ཀྱི་བུ་ཕྲུག་ཚོ་གྲྭ་བ་བྱེད་པ་ནི་ཚེགས་མེད་སྐྱིད་རྒྱག་པའི་ཆེད་རེད། འདི་འདྲ་ཞིག་ཡིན་ན་ཤྭཀྱ་ཐུབ་པའི་རྗེས་སུ་ཇི་ལྟར་འཇུག་སྙམ་པའི་རང་ཉིད་ཀྱི་སེམས་ལ་དྲི་གཞི་ཆེན་པོ་རེ་རྒྱུན་དུ་ཐོན་ཡོང་གིན་འདུག མཚམས་འདི་ནས་སྐད་ཆ་བཙོག་པ་ཞིག་གིས་ཅིག་ལབ་ན་གོང་གི་བླ་མ་འདི་ཚོ་ནི་ཐུབ་བསྟན་རིག་གནས་ཀྱི་བླ་བཙོང་མཁན་དང་དམངས་ཚོགས་རྨོངས་དད་མཁན་ཚོ་ལོག་ལམ་དུ་འཁྲིད་མཁན་རེད་ཅེས་སྐད་གསེང་མཐོན་པོའི་སྒོ་ནས་སྨྲ་སྤོབས་ཀི། སྤྱིར་བཏང་ཐུབ་བསྟན་རིག་གནས་ལ་སླ་བ་སློབ་གཉེར་དང་ཐོས་བསམ་སྒོམ་གསུམ་བྱེད་ཐུབ་ན་དེ་ཡང་ཤིན་ཏུ་ནས་དགའ་འོས་པ་ཞིག་རེད། ཡི་རང་བྱེད་ཆོག་པ་ཞིག་ཀྱང་རེད། དེ་ཡང་རིག་གནས་ཤིག་རེད། དེ་ལ་ཡང་རིག་གནས་ཀྱི་རིན་ཐང་དང་བསམ་བློའི་རིན་ཐང་ཆེན་པོ་ཡོད་ནི་རེད།  ཤཱཀྱ་ཁོང་ལྟ་བུར་མཚོན་ནའང་རྣམ་དཔྱོད་ཅན་དང་བློ་གྲོས་ཅན་གྱི་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་ཞིག་རེད། དེའི་རྗེས་ནས་ཀྱང་ཀླུ་སྒྲུབ་ཐོགས་མེད་ལ་སོགས་པ་ཡང་མཁས་པ་རེད། དེའི་ཕྱིར་དེ་ལ་བལྟ་རྒྱུ་ཉན་རྒྱུ་མྱོང་རྒྱུ་ཚང་མ་ཡོད་རྒྱུ་རེད།  འོན་ཀྱང་། གོང་གི་བླ་མ་དེ་ལྟ་བུར་མཚོན་ན་ཤཱཀྱའི་ཆོས་ལུགས་ཀྱི་དགོངས་དོན་ཉག་མ་གཅིག་མ་ལོན་ཀྱང་དེ་ནས་ཐ་སྙད་སྐམ་པོ་ཁ་ཤས་རེ་བཙན་གྱིས་ཁྱེར་ཡོང་ནས་མང་ཚོགས་རྨོངས་དད་མཁན་ཚོ་ལོག་ལམ་དུ་འཁྲིད་རྩིས་བྱས་ན་འཇིགས་ཡེར་ས་རེད། གང་ལྟར་ང་ཚོ་ན་གཞོན་སྐྲ་རིང་མ་ཚོས་བདེན་པ་དང་གནས་ལུགས་ཇི་ལྟར་བཤད་ཀྱང་དེ་ལ་ནུས་པ་དང་གོ་གནས་ག་འདྲ་ཞིག་ཡོད་པ་རང་ཉིད་ཀྱི་སེམས་ན་ཁྲིག་ཁྲིག་རེད། ད་དུང་ལྟ་ལོག་པ་དང་ངོ་ལོག་པ་ཅེས་པའི་ཞྭ་མོ་ནག་པོ་རེ་བསྐོན་ནས་སྡིག་དམོད་གཏོང་ནི་རེད། དེ་ལྟ་ནའང་། ང་ཚོའི་ཕ་ཡུལ་གྱི་སྤྱི་ཚོགས་ནས་རང་ཉིད་མྱི་རུ་བགྲང་ནས་རང་གིས་ཁ་དོག་མངོན་རྒྱུ་ཟེར་ན་ཤིན་ཏུ་ནས་དཀའ་མོ་རེད། ཐ་ན་རང་གི་ལྷན་སྐྱེས་ཀྱི་བསམ་བློ་དང་སྨྲ་ལྕེ་མིག་དབང་སོགས་ཚོད་ཚོད་དུ་རྒྱ་ཡན་དུ་བཏོང་རྒྱུ་སླ་བོ་མ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1