གེ་སར་སྒྲུང་གསར་འཁྱུག་གླིང་གཡུལ་འགྱེད་ཕབ་བྲིས་གནང་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 11-28


        སྤྱི་ཟླ་བཅུ་གཅིག་པའི་ཚེས་25ཉིན། དཀར་མཛེས་ཁུལ་གྱིས་གེ་སར་རྒྱལ་པོའི་སྒྲུང་གསར་༼འཁྱུག་གླིང་གཡུལ་འགྱེད༽ཕབ་བྲིས་གནང་བའི་མཛད་སྒོ་ཁྲེན་ཏུའུ་སྤོས་ལྡན་གྲོང་ཁྱེར་དུ་སྤེལ་ཡོད། གེ་སར་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་ཆེད། བྱེད་སྒོ་འདི་ནི་དཀར་མཛེས་ཁུལ་གྱི་ཁམས་པའི་རིག་གནས་ཞིབ་འཇུག་གླིང་དང་གེ་སར་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་། དེ་བཞིན་དཀར་མཛེས་ཁུལ་རིག་གནས་ཁང་དང་མངོན་་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་བཅས་ནས་ལྷན་དུ་སྤེལ་བ་རེད། 
སྒྲུང་པ་ལྟག་ཨོ་རྒྱན་ཆོས་འཕེལ།

        ཤེས་རྟོགས་བྱུང་བར་གཞིགས་ན། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འཁྱུག་གླིང་གཡུལ་འགྱེད་ཅེས་པའི་ལེའུ་གསར་པ་འདི་ནི་རྨི་ལམ་སྒྲུང་པ་ལྟག་ཨོ་རྒྱན་ཆོས་འཕེལ་གྱིས་གཙོ་བོ་ཕབ་བྲིས་བྱས་པ་དང་། དེ་ནི་གླིང་དང་འཁྱུག་བར་གྱི་གཡུལ་འགྱེད་ལ་གཞིགས་ནས་བརྗོད་དོན་གསོན་ཉམས་དོད་པ་དང་གྲུབ་ཆ་ཕུན་སུམ་ཚོགས་པའི་གླིང་སྒྲུང་ཞིག་ཡིན། 

         དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་གླིང་ནས་ལྟག་ཨོ་རྒྱན་ཆོས་འཕེལ་ཆེད་ཞུས་ཆེད་མཁས་པར་གདན་དྲངས་པ། 

        དཀར་མཛེས་ཁུལ་རིག་གནས་ཞིབ་འཇུག་གླིང་གི་གླིང་གཙོ་འགྱུར་མེད་ལགས་ཀྱིས་གེ་སར་རིག་གནས་ནི་གངས་ལྗོངས་མཐོ་སྒང་གི་རྒྱུད་འཛིན་གྱི་འབྲེལ་ཐག་ཡིན་པ་དང་། ཡངས་ཤིང་རྒྱ་ཆེ་བའི་བོད་ཁུལ་ལྷན་དུ་འབྲེལ་ཡོད། འཁྱུག་གླིང་གཡུལ་འགྱེད་ཕབ་བྲིས་གནང་བའི་བྱ་གཞག་འདིས་གེ་སར་རིག་གནས་ཞིབ་འཇུག་ལ་ཡག་ཐོག་ཡག་བརྩེགས་ཀྱི་ཁ་གསབ་བྱས་ཡོད་པ་དང་། གེ་སར་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ་བྱེད་པར་གལ་ཆེའི་ནུས་པ་འདོན་ཐུབ། 

གྲོས་མཐུན་ཡིག་ཆར་མིང་རྟགས་བཀོད་པ། 
        འཁྱུག་གླིང་གཡུལ་འགྱེད་ཀྱི་ཕབ་བྲིས་ལས་དོན་འདི་བཀྲ་ཤིས་བདེ་ལེགས་ངང་ལེགས་འགྲུབ་ཡོང་ཆེད། དཀར་མཛེས་ཁུལ་གྱི་ཁམས་པའི་རིག་གནས་ཞིབ་འཇུག་གླིང་དང་། དཀར་མཛེས་ཁུལ་རིག་གནས་ཁང་། ཁྲེན་ཏུའུ་གྲོང་ཁྱེར་དབྱངས་ཅན་མའི་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི་བཅས་དང་ལྷན་དུ་གྲོས་མཐུན་ཡིག་ཆར་མིང་རྟགས་བཀོད་ཡོད་པ་རེད། 

        གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་ཐོག་ཆེས་རིང་ཤོས་ཀྱི་ལོ་རྒྱུས་སྙན་ངག་ཅིག་ཡིན་པ་དང་། བོད་མི་རིགས་ཀྱི་བླ་ན་མེད་པའི་རིག་གནས་ཀྱི་ཤུལ་བཞག་ཀྱང་རེད། བོད་རིགས་ས་ཁུལ་དུ་དར་ཁྱབ་ཧ་ཅང་ཆེ་བས། མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡོད། སྤྱི་ལོ་2006ལོའི་ཟླ་བ་5པའི་ཚེས་20ཉིན། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་རང་རྒྱལ་གྱི་རིམ་པ་དང་པོའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཅུག་ཡོད་པ་དང་། སྤྱི་ལོ་2009ལོའི་ཟླ་བ་9པར་དེ་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་། ཚན་རིག རིག་གནས་སྒྲིག་འཛུགས་ཀྱི་མིའི་རིགས་ཀྱི་ངག་རྒྱུན་དང་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་སྟོན་བརྩམས་ཆོས་ཀྱི་མིང་ཐོའི་ནང་བཅུག་ནས། རྒྱལ་ཁབ་ཕྱི་ནང་ཡོངས་ནས་གེ་སར་རིག་གནས་ལ་མཐོང་ཆེན་དང་རྒྱུན་འཛིན་སྲུང་སྐྱོབ་བྱེད་བཞིན་ཡོད།།





ཚོགས་ཞུགས་སྐུ་མགྲོན་རྣམ་པའི་པར་རིས་ཁག་གཅིག



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1