ལི་ཁེ་ཆང་གིས་ཧང་ག་རིའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁི་ཝེ་ཨར་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 11-30


        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ས་དེའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་པུའུ་ཏ་ཕེ་སིའི་རྒྱལ་ཚོགས་ཐོག་ཁང་ཆེན་མོའི་ནང་ཧང་ག་རིའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁི་ཝེ་ཨར་ལ་མཇལ་འཕྲད་གནང་། 
        ལི་ཁེ་ཆང་གིས་ཀྲུང་གོ་དང་ཧང་ག་རི་གཉིས་ཀྱི་མཛའ་བཤེས་ལ་ལོ་རྒྱུས་ཡུན་རིང་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་བཤེས་ཇེ་དམ་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཧང་ག་རི་གཉིས་ཀྱི་འབྲེལ་བས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་སྐྲུན་ཐུབ་པའི་གྲུབ་འབྲས་ལེན་འདོད་ཡོད་ཅེས་བསྟན། 
        ལི་ཁེ་ཆང་གིས་ལོ་མང་པོའི་རིང་ལ། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་བརྗེ་རེས་དང་མཉམ་ལས་དམ་པོ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱིས་རིམ་པ་མང་པོའི་འགྲོ་འོང་ལ་མུ་མཐུད་དུ་ཤུགས་སྣོན་དགོས་ལ། རྒྱ་ཡིག་སློབ་གསོ་དང་གནས་སྐོར་སོགས་མི་གཞུང་བརྗེ་རེས་རྒྱ་བསྐྱེད་དེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་སྔར་ལས་ཆེན་པོ་སྣོན་པ་དང་། དམངས་འདུན་རྨང་གཞི་ཇེ་བརྟན་དུ་གཏོང་བར་རེ་བ་བྱེད་བཞིན་ཡོད་ཅེས་བསྟན། 
        ཁི་ཝེ་ཨར་གྱིས་ཙུང་ལི་ལི་ཁེ་ཆང་གིས་ཧང་ག་རི་ལ་ཕན་འབྲས་ལྡན་པའི་ངང་འཚམས་འདྲི་མཛད་པར་མ་ཟད། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ལ་ཞུགས་པར་རྟེན་འབྲེལ་ཞུས། ཁོང་གིས་ཧང་ག་རི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་ནི་ཧང་ག་རིའི་རྒྱལ་ཚོགས་ཀྱི་ཏང་ཁག་སོ་སོའི་ཡོངས་ཁྱབ་ཀྱི་ཐུན་མོང་གི་ལྟ་བ་ཡིན། ཕྱོགས་གཉིས་ཀྱིས་རིག་གནས་དང་སློབ་གསོ། གནས་སྐོར། ན་གཞོན། ས་གནས་སོགས་ཕྱོགས་ཀྱི་མི་གཞུང་བརྗེ་རེས་སྔར་ལས་རྒྱ་བསྐྱེད་དེ། ཧང་ག་རི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བར་རེ་བ་བྱེད་བཞིན་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1