སྡེ་ཚན་གསུམ་གྱིས་མཉམ་དུ་བྱ་སྤྱོད་སྤེལ་ནས་དྲ་ཐོག་ཏུ་དཀྲོག་གཏམ་བཟོ་བ་དང་བརྒྱུད་བསྒྲགས་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25


       ཟླ་7ཚེས་22ཉིན་གསར་འགོད་པས་ཤེས་རྟོགས་བྱས་གསལ།རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་དང་།བཟོ་འཕྲིན་པུའུ།སྤྱི་བདེ་པུའུ་བཅས་ཀྱིས་མཉམ་དུ་བྱ་སྤྱོད་སྤེལ་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དྲ་སྦྲེལ་སྤྱད་དེ་དཀྲོག་གཏམ་བཟོ་བ་དང་བརྒྱུད་བསྒྲགས་བྱེད་པར་རྡུང་རྡེག་གཏོང་བའི་ལས་དོན་གཅིག་སྡུད་ཐོག་བཀོད་སྒྲིག་བྱས་ཤིང་།ཉེ་ཆར་དཀྲོག་གཏམ་ཅུང་མང་བ་དང་དོ་དམ་བྱ་རྒྱུ་མི་འདང་བའི་དྲ་ཚིགས་ཁག་གཅིག་བཀག་སྟེ་དག་ཐེར་བྱེད་དུ་བཅུག་པ་དང་དྲ་སྦྲེལ་སྤྱད་དེ་དཀྲོག་གཏམ་བཟོ་བ་དང་བརྒྱུད་བསྒྲགས་བྱེད་མཁན་མི་ཉུང་བ་ཞིག་ལ་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
       ཟླ་7ཚེས་15ཉིན་ནས་བཟུང་།རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་དང་བཟོ་འཕྲིན་པུའུ་ཡིས་དོ་དམ་ཡག་པོ་མ་བྱུང་བ་དང་དཀྲོག་གཏམ་གང་བྱུང་དུ་བརྒྱུད་བསྒྲགས་བྱེད་པའི་དྲ་ཚིགས་གསུམ་དང་།འཕྲིན་གཏོང་དོ་དམ་སྡེ་ཚན་དུ་ཐོ་འགོད་འགྲོ་ལུགས་གཉེར་མེད་པ་དང་དཀྲོག་གཏམ་བརྒྱུད་བསྒྲགས་བྱེད་པའི་ཀན་ཀྲོའུ་དྲ་བ་དང་ཀྲུང་གོ་དམག་སྤྱི་སྲིད་དོན་དྲ་བ་སོགས་དྲ་ཚིགས་4ཁྲིམས་ལྟར་བཀག་པ་དང་།ལི་པཱ་དྲ་བ་དང་།ཧུའེ་ལུང་ཀོན་སྡེ་ཁུལ།ཁུན་ཧྲན་གླེང་སྟེགས་སོགས་དྲ་ཚིགས་43བཀག་སྟེ་དག་ཐེར་བྱེད་དུ་བཅུག་པ་དང་ཆད་པ་བཅད་པ།ཕུའུ་ཧུའུ་ལུས་རྩལ་གླེང་སྟེགས་དང་ཕི་ཀྲོའུ་གླེང་སྟེགས་དྲ་ཚིགས་གནས་སྐབས་གསར་བརྗེས་བྱེད་མཚམས་འཇོག་དགོས་པའི་ཆད་པ་བཅད་པ་རེད།འབྲེལ་ཡོད་སྡེ་ཚན་གྱིས་ལས་དོན་སྤེལ་སྐབས་རྒྱལ་ཁབ་ཀྱི་ལས་དོན་སྡེ་ཚན་རེ་ཟུང་གིས་བཙུགས་པའི་དྲ་ཚིགས་ཀྱང་དཀྲོག་གཏམ་བརྒྱུད་བསྒྲགས་བྱེད་པའི་ཐབས་ལམ་ལ་གྱུར་པ་ཤེས་རྗེས་འབྲེལ་ཡོད་སྡེ་ཚན་ལ་དྲ་ཚིགས་གནས་སྐབས་གསར་བརྗེས་བྱེད་མཚམས་བཞག་ནས་དག་ཐེར་བྱེད་དགོས་པའི་འགན་དཀྲིས་པ་རེད།དེ་དང་ཆབས་ཅིག་སྤྱི་བདེ་སྡེ་ཚན་གྱིས་དཀྲོག་གཏམ་བཟོ་མཁན་པེ་ཅིང་གི་དྲ་དམངས་མཱ་ག་གེ་མོ་དང་ཧའེ་ནན་གྱི་དྲ་དམངས་ཧྥེ་ག་གེ་མོ་གཉིས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ་དང་དཀྲོག་གཏམ་བཟོ་བ་དང་བརྒྱུད་བསྒྲགས་བྱེད་མཁན་དྲ་དམངས་37ལ་ཆད་པ་བཅད་པ་དང་བསླབ་བྱ་བརྒྱབ་པ་རེད།གཞན་ཡང་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན།དྲ་ཐོག་ཏུ་དཀྲོག་གཏམ་བརྒྱུད་བསྒྲགས་བྱེད་མཁན་དྲ་དམངས་ཁག་གཅིག་བརྡ་ཁྱབ་བཏང་ནས་སློབ་གསོ་བརྒྱབ་ཡོད་པ་རེད།
         སྡེ་ཚན་གསུམ་གྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན།དྲ་སྦྲེལ་སྤྱད་དེ་དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་བརྒྱུད་བསྒྲགས་བྱེད་པ་དེ་ནི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཡིན་ལ་རང་རེའི་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོ་གི་ཡོད།རང་རྒྱལ་གྱི་《ཉེས་ཁྲིམས》དང་།《དྲ་སྦྲེལ་གྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》《དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུ་དོ་དམ་གྱི་གཏན་འབེབས》སོགས་བཅའ་ཁྲིམས་
དང་ཁྲིམས་སྲོལ་ནང་དཀྲོག་གཏམ་བཟོ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི་སྲིད་དབང་དཀྲུག་པ་དང་།མགོ་རྟིང་སློག་པ།དཀྲོག་གཏམ་བརྒྱུད་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་གཏོང་བ།མི་གཞན་ལ་དམའ་འབེབས་གཏོང་བའམ་ཡང་ན་མ་ཉེས་ཁག་གཡོགས་བྱེད་པ།འཇིགས་སྐུལ་གྱི་ཆ་འཕྲིན་རྫུན་མ་བཟོ་བ་སོགས་ཀྱི་བྱེད་སྤྱོད་ལ་གཏན་འབེབས་ཁ་གསལ་བཟོས་ཡོད།གོམ་སྟབས་རྗེས་མར་དྲ་སྦྲེལ་བརྒྱུད་དེ་རྒྱུན་གཏན་ལས་དོན་སྒྲུབ་པ་དང་།སློབ་སྦྱོང་བྱེད་པ།འཚོ་བ་སྐྱེལ་བ་བཅས་ཀྱི་དྲ་དམངས་ཀྱི་ཁེ་ཕན་ལ་གནོད་འཚེ་མི་ཕོག་པའི་འགན་ལེན་བྱ་ཆེད།རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་དང་།བཟོ་འཕྲིན་པུའུ།སྤྱི་བདེ་པུའུ་བཅས་ཀྱིས་དཀྲོག་གཏམ་བཟོ་བ་དང་བརྒྱུད་བསྒྲགས་བྱེད་པའི་བྱེད་སྤྱོད་ལ་མུ་མཐུད་ཁྲིམས་ཆད་གཅོད་ཤུགས་ཆེ་རུ་གཏོང་རྒྱུ་རེད།དེ་དང་ཆབས་ཅིག་སྡེ་ཚན་གསུམ་གྱིས་རྒྱ་ཆེའི་དྲ་དམངས་ཚོས་ཐུན་མོང་ཐོག་དྲ་རྒྱའི་ཁོར་ཡུག་གཙང་བཟོ་དང་།དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ།དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ་བཅས་བྱེད་དགོས་པ་མ་ཟད།ཀྲུང་གོ་དྲ་སྦྲེལ་གྱི་ཁྲིམས་འགལ་དང་ཆ་འཕྲིན་ངན་པ་ཐེར་འདོན་ལྟེ་གནས་སོགས་ཐེར་འདོན་སྒྲིག་གཞིར་དཀྲོག་གཏམ་གྱི་ཁུངས་སྣེ་ཧུར་ཐག་འདོན་རྒྱུའི་འབོད་སྐུལ་ཡང་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1