༄༅།། དགུན་ཟླ་ཞིག་གི་ཕྱི་ནང་།

མཛོད་འཕྲིན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-14



མཛོད་འཕྲིན། (དཀར་མཛེས)


        སྟོན་ཟླ་ཐ་ཆུང་གི་རླུང་བུའི་འགྲོས་དང་འགྲོགས་ནས་ལོ་རེར་ཐེངས་རེ་ཤར་བའི་དགུན་ཟླ་རིང་མོ་སྟེ དགུན་ཁ་ཤར་བྱུང་།
        ཤེས་རབ་ཀྱིས་ཤུགས་རིང་ཞིག་འཐེན་ཞོར་ཉི་མ་ཆ་ཆིག་སོང་ན། ཏག་ཏག་ལོ་གཉིས་རེད་ཟེར།
        དེ་ནི་ཡར་བརྩིས་ཀྱི་ལོ་ངོ་གཉིས་ཙམ་གྱི་སྔོན་དུ་བྱུང་བའི་དོན་དག་ཅིག་སྟེ། ཁོས་བཟའ་མི་ཡོངས་སྡུག་ལ་སྦྱར་བ་རེད།
        ཤེས་རབ་ནི་ལོ་རབས་དགུ་བཅུ་པའི་ནང་ཙམ་ལ་དུད་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་སློབ་གྲྭ་འགྲིམ་འདོད་ཆེན་པོ་ཡོད་ལ། ཁྱིམ་པས་ཀྱང་གཏོང་འདོད་ཡོད་མོད། ས་ཆ་དེར་ཞིང་ལས་དང་། འབྲོག་ལས་གཉིས་ཏེ་རོང་མ་འབྲོག་ཡིན་པ་དང་། ཁྱིམ་ཚང་དེར་བུ་རྒྱུད་ཁོ་ལས་མེད་པས། དབྱར་ཁར་ནོར་གནག་འཚོ་བར་མི་འགྲོ་ཀ་མེད་བྱུང་། དགུན་ཁ་སོགས་དུས་ཚོད་ཏོག་ཙམ་ཡོད་དུས་སློབ་གྲྭར་འགྲོ་ཡི་ཡོད།
        ལོ་ན་བཅུ་གྲངས་ཤིག་ལ་སོན་སྐབས་ཁྱིམ་ཚང་གི་འཆར་གཞི་ལྟར་གྲྭ་པ་བྱས་ཤིང་། ངེས་དོན་དགོན་པའི་གྲལ་མཐའ་རུ་སྡོད།
        ངེས་དོན་དགོན་པ་ནི་ལོ་ངོ་སུམ་བརྒྱའི་སྔོན་གྱི་བླ་མ་ཆེ་གེ་མོ་ཞིག་གིས་ཕྱག་བཏབས་པའི་དགོན་པ་ཆུང་ཆུང་ཞིག་ཡིན་ལ། དགོན་པར་གྲྭ་པ་ཉིས་བརྒྱ་ཁ་ལོང་བ་ཙམ་ཞིག་ཡོད་མོད། དགོན་པ་དེའི་ནང་སློབ་གཉེར་དང་ཐོས་བསམ་བྱེད་ས་མེད་སྟབས། ཁོང་ཡར་མར་གྱི་དགོན་སྡེ་དག་ཏུ་རང་ཉིད་ཀྱི་དགའ་ཕྱོགས་བཞིན་སློབ་གཉེར་ཕྲན་བུ་རེ་བྱེད་དུ་སོང་ནས་ལོ་ངོ་གསུམ་བཞི་ཙམ་འགོར་ཡོད་ལ། ཁོང་སློབ་གཉེར་ལ་འགྲོ་སའི་ཁོར་ཡུག་སོགས་ཀྱིས་ཁོ་རང་དྲང་བདེན་དང་། གནས་ལུགས། སྤོབས་པ་དང་། སྙིང་སྟོབས་ཟེར་བའི་ཐ་སྙད་མང་པོ་ཞིག་གིས་བསླུས་ཤིང་། ཁོས་དུས་རྟག་ཏུ་དེ་དག་ལ་བསམ་གཞིགས་བྱེད་ཀྱི་ཡོད་མོད། ཡིན་ཡང་།
        ཁོས་བཤད་ན་ཉན་མཁན་ཞིག་དང་། སྟོན་ན་བལྟ་མཁན་ཞིག་མེད། ཡུལ་ལུང་དེར་གྲྭ་ས་འགྲིམ་མཁན་ཆེར་མེད་པས། དགོན་པའི་ནང་གི་གྲྭ་པ་མང་ཤོས་ཀྱིས་ཁོ་ཚོར་ལྟ་སྟངས་གཞན་པ་ཞིག་བཟུང་ཡོད་ལ། ལྷག་ཏུ་ཤེས་རབ་ཀྱིས་ཁོ་ཚོའི་བསམ་བློ་ལས་བརྒལ་བའི་སྐད་ཆ་རེ་འགའ་བཤད་ཀྱི་ཡོད་པར་བརྟེན། ངོས་ལྐོག་མང་པོ་ཞིག་ནས་ཁོ་ལ་མ་དགའ་བའི་རྣམ་འགྱུར་སྟོན་མཁན་ཤིན་ཏུ་མང་། རེ་འགས་རྩེད་མཚར་ཡིན་མདོག་གིས་ཁོ་ལ་བསྙད་འདོགས་ཀྱི་ཡོད་ལ། འགའ་རེས་ངོ་ནག་གདོང་ནག་གིས་ཁོ་ལ་འདྲ་མིན་བཤད་ཀྱི་ཡོད། ཁོས་དེ་དག་ཤེས་རུང་མ་ཤེས་མདོག། གོ་ཡང་མ་གོ་ཁུལ་བྱས་ནས་མི་འདུག་རང་འདུག་རེད། ཁོས་བསམ་པ་རྣམ་དག་ཡིན་པའི་ཁུལ་གྱིས་ལས་ཀ་བྱས་རུང་། ཁོ་ལ་ཞེ་བསམ་པའི་གཏིང་ནས་སྡང་མིག་བགྲད་མཁན་མ་གཏོགས་ག་ལ་ཡོད། ལྟ་བ་གསར་རྙིང་གི་ཁྱད་པར་རམ་ཅི་ཞིག་གི་ཉེས་སོང་བ་མི་ཤེས་མོད། སྐབས་དེ་དུས་ཙམ་ལ་ཁོས་ལས་ཀ་ཅི་བྱས་རུང་མགུ་མཁན་ཞིག་ཕར་ཞོག་སྐྱོན་འཚོལ་མཁན་ཁོ་ན་ལས་གཏན་ནས་མ་བྱུང་། ཐམས་ཅད་ཀྱིས་ཁོ་ལ་ཁ་དགྲ་དང་ཚིག་དགྲ་ཁོ་ནས་གནོན་གྱི་ཡོད། ངེས་དོན་དགོན་པར་སྤྲུལ་སྐུ་ཞིག་ཡོད་ལ། ཁོང་གི་མཚན་ལ་མཆོག་སྤྲུལ་དབང་ཆེན་དོན་འགྲུབ་ཅེས་ཟེར་ཞིང་། ཁོང་ནི་ས་ཆ་ཐག་རིང་ཞིག་ནས་བླུས་ཡོང་ཞིང་ངེས་དོན་དགོན་པར་ཕེབས་ནས་ལོ་བཞི་བཅུ་ཡས་མས་ཤིག་འགོར་ཡོད། ཁོང་གིས་མཁའ་འགྲོ་བརྟེན་ཡོད་ཅིང་མཁའ་འགྲོ་དེར་ཁོང་གཉིས་ཀྱི་བུ་བུ་མོ་ཁ་ཤས་ཤིག་ཡོད།
        དབང་ཆེན་དོན་འགྲུབ་སྐུ་ན་ཆེ་བ་དང་། བུ་བུ་མོ་དག་ནར་སོན་ཡོད་ཅིང་། བུ་རྣམས་ལའང་སྤྲུལ་སྐུའི་ངེས་སྦྱོར་ཡི་གེ་སོགས་རགས་པ་སྟེ། ཆེ་བ་ནི་ས་ཆ་ཐག་རིང་ཞིག་གི་སྤྲུལ་སྐུ་དང་། ཆུང་བ་དང་འབྲིང་བ་ནི་ངེས་དོན་དགོན་པའི་བླ་མ་འགའ་ཞིག་གི་སྤྲུལ་སྐུ་ཡིན་པའི་དཔང་རྟགས་སོགས་བླ་མ་ཆེ་ཁག་དང་། སྲིད་གཞུང་བཅས་ཀྱིས་གནང་བ་ལྟར་ཐོབ་པས། དགོན་པའི་ཁྲི་པ་དང་། དབང་ཆ་ཕལ་ཆེར་བ་ཁོང་ཅག་ལ་སྤྲོད་ཟིན། སྤྲུལ་སྐུ་དབང་ཆེན་དོན་འགྲུབ་ལ་ཐུགས་འགན་ཆེན་པོ་མེད་སྟབས། ཉི་མ་ལྡེ་ཞོར་ཐ་མག་རྐང་རེ་དལ་གྱིས་རྔུབ་ཅིང་། སྦི་རག་ཁམ་རེ་གསོལ་ནས་ལྷོད་པོའི་ངང་བཞུགས་ཡོད། སྤྱིར་དམ་ཆོས་འདུལ་བ་སོགས་སུ་ཆང་རག་སོགས་ཆེས་ཆེར་བཀག་ཡོད་མོད། ཁོང་སྤྲུལ་སྐུ་ཡིན་པས་དེ་ཙམ་གྱིས་དམིགས་བསལ་ནི་སྨྲོས་ག་ལ་དགོས། ཡང་གཅིག་བཤད་ན་འདི་དག་ང་ཚོ་མ་དག་པའི་སྣང་ངོ་ཙམ་ན་ཡིན་སྲིད་དེ། སྔོན་སངས་རྒྱས་བཅོམ་ལྡན་འདས་ལ་དགེ་སློང་ལེགས་པའི་སྐར་མས་ཀྱང་སྐྱོན་མཐོང་བས་སོ།།
        དགོན་པའི་ཚོགས་དུས་མཆོད་སོགས་ཀྱི་སྐབས་གྲྭ་པ་དག་ས་ཐག་རིང་ཐུང་གི་ཁྱད་པར་མེད་པར། སློབ་སྦྱོང་གི་གནང་བ་ཡོད་མེད། ནད་ན་ཚའི་དབྱེ་འབྱེད་མེད་པར། ས་ཆ་གང་ཞིག་ཏུ་ཡོད་ན་དེའི་ཚེ་ངེས་པར་དུ་འབྱོར་དགོས་ལ། གལ་སྲིད་མ་འབྱོར་ཚེ་ཁྲིམས་ཀྱིས་བདའ་དེད་བཅས་ཡོད་པས་བྲོས་ས་དང་ཐར་ས་ཞིག་མེད་ལ། གལ་སྲིད་ཁྲིམས་དེ་དག་ལས་བརྒལ་འདོད་མཁན་ཞིག་ཡིན་ཚེ། དེར་ཆ་རྐྱེན་མང་དག་ཅིག་འཛོམས་ཏེ། ས་ཆ་དེ་ནས་ཡུལ་བུད་པ་དང་། དངུལ་ལོ་གྲངས་མེད་ཅིག་མེད་ན་དེ་དག་ལས་བརྒལ་མི་ནུས། རྒྱུ་མཚན་དེ་དག་བླ་བྲང་ཚང་བཤགས་བྱེད་དམ། ཡང་ན། བཀའ་ཆད་ཡིན་པ་རེད། དེ་བས་ད་སྔོན་ཡན་ཆད་དེ་འདྲ་ཞིག་གཏན་ནས་བྱུང་མ་མྱོང་། དེ་ནི་ཁོང་གིས་བསྟན་པ་འཛིན་སྟངས་ཐད་ཀྱི་ཆ་ཤས་གཅིག་ཙམ་རེད། ཁོང་ཐུགས་དྲག་ཚ་པོ་ཞིག་ཡིན་པས་སྐུ་མདུན་དུ་བཅར་མཁན་དག་གིས་ལུས་ཞུམ་ཞུམ། ལྕེ་ནར་ནར་ཁོ་ན་ལས་འགྲོ་མི་ཕོད། ཁོང་གིས་མ་གསན་པ་དང་། མ་དགོངས་པའི་དོན་དག་ནི་སྤུ་ཙམ་ཡང་མེད་དེ། ཕུ་ནས་ཤྭ་བ་རྒྱུགས་རབས། མདའ་ནས་གླ་བ་འཕགས་རབས། སོགས་གཅིག་གཅིག་གཉིས་གཉིས་བྱས་ནས་གསན་གྱིན་ཡོད། དེའང་ལོས་ཡིན་སྟེ། ཁོང་ལ་གློ་བ་ཉེ་མདོག་གིས་དུས་རྟག་ཏུ་ཡོང་འདུག་མཁན་དག་གིས་བླ་མའི་ཐུགས་དགྱེས་ན་ཆོག་ཅེས་གཅིག་ཆད་གཉིས་ལུས་མེད་པར་ཞུ་ཡི་ཡོད་ལ། ཁོང་ཡང་འཇིག་རྟེན་གྱི་དགྲ་དང་གྱོད་ཁ་མཆུ་སོགས་ལ་ཐུགས་ཤིན་ཏུ་དགྱེས། དགོན་པའི་མངའ་འོག་ཏུ་དུད་གྲངས་སུམ་བརྒྱ་ཙམ་ཞིག་ཡོད་ལ། དེ་དག་ནི་ཁོང་ལ་དད་པ་རྩེ་གཅིག་དང་། སྐྱབས་གནས་མཐར་ཐུག་འཛིན་མཁན་ཡིན་དགོས་ཤིང་། དེ་ལྟར་མ་བྱས་ཚེ་ཁོང་རྣམས་ལ་བཀའ་ཆད་སོགས་འབབ་ངེས། ས་ཆ་དེ་གའི་འཚོ་བ་ནི་ཞིང་ལས་ཙམ་ལ་བརྟེན་པ་ཡིན་ཞིང་། ཡོང་སྒོ་ཕལ་ཆེར་ཞོར་ལས་དང་དབྱར་རྩྭ་དགུན་འབུ་ལ་བརྟེན་པ་ཡིན། དུས་རབས་ཉེར་གཅིག་པ་ཚེས་ནས་ཡུན་རིང་མ་སོང་བར་བོད་ཀྱི་བླ་མ་ཕལ་ཆེར་རྒྱ་ནག་ཏུ་ཕེབས་ཤིང་། མར་མི་རྐྱང་ཡིན་ན་ཡར་རླངས་འཁོར་ཞེས་པའི་འཁོར་ལོ་བཞི་རེ་ཡོད་མཁན་དག་བསྐོར་ནས་ཡོང་དུས། སྤྲུལ་སྐུ་དབང་ཆེན་དོན་འགྲུབ་ཡབ་སྲས་དག་ལ་འཕྲུལ་རྟ་ཞིག་ཀྱང་མེད་པས། དེར་ཁོང་གིས་ཐུགས་བསམ་བཞེས་བཞེས་མཐར། རླངས་འཁོར་མེད་ན་སྤྲུལ་གྲལ་དུ་མི་ཚུད་དགོངས་ནས། ཁོང་སྐུ་ན་ཆེ་བས་ཡར་མར་བྱོན་དུས་སྟབས་བདེ་ཡོང་ཕྱིར་རླངས་འཁོར་ཞིག་དགོས་རབས་སོགས་ཡིན་ལུགས་བརྒྱ་དང་། གནས་ལུགས་སྟོང་གིས་བཀའ་གནམ་ལྕགས་རལ་གྲི་ཕབ་པས། འབངས་མི་སེར་ལས་དངུལ་སྒོར་རུག་ནས་མཐར་རླངས་འཁོར༼ཐིའུ་ཡུག༽རྟགས་ཅན་ཞིག་ཉོས། ཡང་སྐབས་དེ་དུས་ཙ་ན་དགོན་པ་རེ་འགར་ཁྲིའི་བདག་དབང་དང་། དབང་ཆ་སོགས་རྩོད་རེས་བྱེད་ཀྱིན་ཡོད་མོད། ངེས་དོན་དགོན་པར་དེ་འདྲའི་རྩོད་རྙོག་མེད་དེ། རྒྱལ་པོའི་ལམ་ལུགས་བཞིན་སྤྲུལ་སྐུ་ཚང་མ་བླ་བྲང་ཚང་དུ་འཁྲུངས་པ་ལས་གཞན་ས་ཆ་དེ་གར་སྤྲུལ་སྐུ་ཞིག་འཁྲུངས་རྒྱུ་མེད་པས་ཡིན། དེའང་ལོས་ཡིན་སྟེ། སྤྲུལ་སྐུ་དབང་ཆེན་དོན་འགྲུབ་ནི་ཕྱོགས་དེ་གའི་བླ་ཆེན་དཔོན་ཆེན་དག་དང་ངོ་ཤེས་ཤིང་ཕན་ཚུན་བར་ལ་འདང་བརྩེ་ཤིན་ཏུ་ཆེ་བ་དང་། ལྷག་པར་དུ་ཉམ་ཐག་འབངས་མིའི་འདི་ཕྱིའི་རེ་ལྟོས་སུ་གྱུར་པ་ཁོང་གིས་མ་འོངས་སྤྲུལ་སྐུའི་འབྱུང་ཁུངས་རྦད་དེ་ལུང་བསྟན་ཟིན་སྟེ། འཛམ་གླིང་ཆུ་རྒྱུན་མ་ཆད་པར།། ངེད་ཚང་སྤྲུལ་རྒྱུན་ཆད་མི་སྲིད།། ཅེས་རྟག་པར་ནན་ཏིག་ཏིག་གིས་གསུང་གི་ཡོད་པས་ཡུལ་ལུང་དེར་སྤྲུལ་སྐུ་ཞིག་ཡོད་ནའང་།ཁོང་དང་གཉེན་འབྲེལ་མེད་པ་ཞིག་མི་སྲིད། སྤྲུལ་སྐུ་དབང་ཆེན་དོན་འགྲུབ་ནི་དགྲ་དང་འཐབ་ན་དམག་ཇུས་ཅན་ཞིག་ཀྱང་ཡིན་སྟེ། ལོ་ངོ་བརྒྱད་དགུ་ཙམ་གྱི་སྔོན་དུ་ས་རྩོད་ཆུ་རྩོད་ཅིག་ཡོང་བར་ཁོང་སྐུ་དངོས་པོས་དམག་དཔོན་མཛད་ནས་གཡུལ་དུ་ཞུགས་ཤིང་། མཇུག་མཐར་གཡུལ་འཁྲུགས་དེ་ལས་རྒྱལ་བ་རེད།ད་དུང་ཚོང་ལས་ཀྱང་ཙག་ཙིག་རེ་གནང་གི་ཡོད། དཔེར་ན། མེ་མདའ་དང་།
        བོའུ་གྲི་སོགས་ཾམཚོན་ཆའི་རིགས་ཀྱི་ཚོང་ཕྲན་བུ་རེ་གཉེར་གྱི་ཡོད། ཁོང་གི་གདུང་རྒྱུད་ཀྱི་སྤྲུལ་སྐུ་དག་གིས་ཁོང་ནི་མིག་དཔེ་གཅིག་པུ་ཉིད་དུ་བཟུང་ནས་ཡོད། ཁོང་རྣམ་པས་ཀྱང་མངོན་ལྐོག་མང་པོ་ནས་མཁའ་འགྲོ་བརྟེན་ཞིང་། སྤྲུལ་སྐུའི་ས་བོན་འདེམས་བཞིན་ཡོད་ལ། ཡུལ་དེའི་བུ་མོ་ཚོས་ཀྱང་མ་འདོད་རུང་དང་དུ་ལེན་དགོས་ཏེ། བུ་མོ་འགའ་རེས་དང་བླང་མ་བྱས་པར་བརྟེན། ཡབ་སྲས་ཀུན་དང་འགལ་ནས་བཀའ་ཆད་ཆེན་པོ་འབེབ་ཡོད། ཤེས་རབ་ནི་ལོ་ན་ཆུང་རུང་ཁོང་གི་མིག་མདུན་དུ་འབུད་ཀྱིན་པའི་དོན་དག་རྣམས་ལུགས་དང་འགལ་ཞིང་། གཉའ་གནོན་དང་བཤུ་གཞོག་ཁོ་ན་ལས་མ་མཐོང་ནའང་ཁོང་ལ་དཔུང་རོགས་སོགས་མ་རྙེད་པར་རེ་ཞིག་ལུས། དུས་དེ་ཤེད་ཙམ་ནས་ཡང་བླ་བྲང་སྟེ་སྤྲུལ་སྐུ་འཁོར་བཅས་ཀྱིས་དཔྱ་ཁྲལ་བསྡུ་རྒྱུ་ཇེ་མཐོ་དང་། ས་ཆུ་མང་པོར་བདག་ཏུ་བཟུང་ཞིང་བྲན་དུ་བླངས་བ་སོགས་འཇིགས་སྐུལ་ཅན་གྱི་བྱ་གཞག་བློ་ངོར་མི་ཤོང་པ་མང་ཐག་ཆོད་ཅིག་གཅིག་རྗེས་གཉིས་སུ་འབུད་ཀྱིན་པ་མ་བཟོད་པར།
བཙན་པོ་གཉའ་ནས་ཞོན་པའི་སྟོབས་མེད་ཀྱང་༎
ཉམ་ཆུང་བྲན་དུ་བཀོལ་བའི་མཛད་པ་ཆེ༎
དམ་པའི་ཆོས་ཀྱང་ཁྱོད་འདྲའི་ལག་ཆ་སྟེ༎
ལུགས་དང་འགལ་བའི་སྤྱོད་པ་སྤོངས་ཤིག་ཨང་།།
འབངས་མིའི་མགོན་དུ་བཀུར་བའི་སྐུ་ལོ་ཁྱོད༎
འདི་ཕྱིའི་སྐྱིད་སྡུག་གཟིགས་པ་མ་ཤེས་མོད༎
བཤུ་གཞོག་བཙན་གནོན་བྱས་པའི་སྤྱོད་པ་དང་༎
ཡུལ་འདིར་སྡུག་ལ་སྦྱོར་བ་མིག་གིས་མཐོང་།།
        ཞེས་སོགས་ཆོས་གཞུང་དུ་བྱམས་དང་སྙིང་རྗེ་དག་བཤད་ཅིང་། སྡུག་བསྔལ་ལས་གྲོལ་ཞིང་། བདེ་བ་ཐོབ་བྱེད་ཉག་ཅིག་ཏུ་གསུངས་ཀྱང་། ཆོས་པའམ་བླ་མ་སྤྲུལ་སྐུ་དག་སླར་ཡང་སྒེར་གཅོད་པ་དང་། གཉའ་གནོན་པ། བཤུ་གཞོག་པ་ཉིད་དུ་ཆགས་སོང་ན་ཆོས་ནི་ཆོས་མིན་ཉིད་དུ་འགྱུར་བ་དང་། ཆོས་དེ་སྒེར་གཅོད་པ་རེའི་ལག་ཆ་ཙམ་དུ་ཟད་ན་ཡོད་པ་ལས་མེད་པ་དགའ་ཞེས་སོགས་ཀྱིས་ཡི་གེ་བྲིས།
ཁོང་འཁོར་བཅས་ཀྱིས་མཐོང་འཕྲལ་དེ་མ་ཐག་འཐུས་མི་དང་བཅས་ཤེས་རབ་ཀྱི་སྒོར་སླེབས་སོང་།
            དེར་དབང་ཆེན་དོན་འགྲུབ་ཀྱིས་ཁོ་རེ་སྤྲང་ཕྲུག ཁྱོས། བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་པ་བཏབ༎ དོན་མེད་སྡིག་ཆེན་བསགས་པ་འཐོལ་ལོ་བཤགས།། ཟེར་འདོན་མ་མྱོང་ངམ། ཞེས་ཟེར།
        དེ་ནས་ཡང་ཁོང་ཅག་ལས་གཅིག་གིས་ཁྱོད་ཀྱི་དེ་འདྲའི་ཡི་གེ་བྲི་དོན་ཅི་ཡིན། དེ་འདྲའི་སྐུར་པ་བཏབ་ན་རུང་ངམ་ཟེར། དེར་ཤེས་རབ་ཀྱིས་ངས་ནི་ཟེར་སྒྲོས་ཙམ་མ་ཡིན་པར། རང་གིས་རིག་རིག་མཐོང་མཐོང་ལྟར་བྲིས་པས། སྐུར་པ་བཏབས་མེདཅེས་ཟེར།དེར་ཡང་སྐྱབས་ཀྱི་བླ་མ། མགོན་གྱི་དཔུང་གཉེན་འདི་ལ་ཉེས་མེད་ཉེས་འདོགས། སྐྱོན་མེད་སྐྱོན་འཛུགས་བྱས་པ་ནི་ཁྱོད་རང་གི་རང་མཚང་ཙམ་ལས་གཞན་ཅི་ཡིན། ཁྱོད་རེད་མ་གཏོགས། གཞན་ཞིག་ཡིན་ན་བསད་མི་བཞག་ན། ཇོ་བོ་རིན་པོ་ཟེར།
        ཡང་གཞན་ཞིག་གིས་ད་ཡང་ན། ཤ་རྗེན་དྲ་བཞག
        ཡང་ན། དམར་བསད་བྱེད་བཞག་ཅེས་ཟེར།
        ཡང་གཞན་ཞིག་གིས་ང་ཚོ་དམག་འཐབ་རྒྱུ་བྱེད། གང་ནས་འཐབ་སོགས་ཁྱོད་ཀྱིས་ཤེས་སོགས་ཟེར་ཞིང་དགྲ་ཚིག་དང་གྱོད་ཚིག་མང་པོ་ཞིག་བཞག་ཅིང་། ཤེས་རབ་ཀྱིས་ཡིན་ལུགས་བརྒྱ་དང་གནས་ལུགས་སྟོང་བཤད་ཀྱང་མ་ཉན་པར།རྒྱོབས་རྒྱོབས་དང་སོད་སོད་ལྟ་ལོག་དང་སྐོར་ལོག དམ་ཉམས་དང་བསྟན་བཤིག་ཅེས་ཟེར་ནས་རི་ལུང་ཁྱབ་སོང་།དེ་ནས་ཁོ་བོ་ཅག་འཐུས་མི་དང་འགན་ཁུར་དག་གྲོས་བསྡུར་བྱས་བྱས་མཐར།ཤེས་རབ་གཟའ་མི་ཡོངས་ཡུལ་ལུང་དེ་ནས་ཡུལ་འབུད་གཏང་འཆར་བྱས།
ཤེས་རབ་ཀྱིས་ངས་བྲིས་པའི་ཡི་གེ་དག བཟང་ཡང་ཆོག་ལ། ངན་ཡང་རུང་། ང་རང་ཉིད་ཀྱིས་བྲིས་པས་ཁྱིམ་ཚང་དང་འབྲེལ་བ་མེད། གལ་ཏེ་ཁྱོད་ཚོས། གཡག་ལ་སྤྲོ་ལངས་ནས། རྟ་ལ་རྡོག་པས་བསྣུན་ན་ངོ་མི་ཚའམ། ཞེས་སོགས་བཤད་བཤད་མཐར། ཤེས་རབ་ཁོ་རང་དགོན་པའི་གྲལ་ནས་གནས་དབྱུང་བཏང་། དེ་ནས་ལྐོག་ཏུ་ཁྱིམ་ཚང་ལ་བཀའ་ཆད་ཡིན་ཞེས་གོར་འབུམ་ཚོ་གསུམ་ཙམ་བཙན་ཤེད་ཀྱིས་བླངས་ནས། ཁྱོད་ཅག་ང་ཚོའི་སྐྱབས་འོག་ལས་མ་འདོར་བ་དགའ་དགོས་ཞེས་ཟེར།
        མ་འགྱང་བར་ཤེས་རབ་ཀྱིས་དེ་གོ་ནས། ཡར་ཁོང་ཅག་ལ་རྒྱུ་མཚན་ཇི་ཙམ་བཤད་ཀྱང་མ་ཉན་པར།
        སྤྲུལ་སྐུ་དབང་ཆེན་དོན་འགྲུབ་ན་རེ་ལག་ལས་ཀ་རང་གིས་བྱས་ན། ལུས་དམྱལ་བ་རང་གིས་མྱོང་དགོས་པ་དཔེ་རེད། ང་མྱི་རྒན་ཁྱིམ་ནང་ཡོད་དུས། གྱོད་རྡོ་དཀར་ཁུང་ནང་འཕངས་ཡོད། ད་དུང་འདི་ནི་ཆུ་ཆུང་ས། ཟམ་པ་དམའ་ས་ཡིན་ཤེས་པར་གྱིས་ཅེས་སོགས་གསུངས་ནས་ཅི་བྱ་བརྟོལ་མེད་དུ་གྱུར།
        ཁོ་ཅག་གིས་ད་ནི་རྒྱལ་ཁ་ཐོབ་སོང་ནས། ཤེས་རབ་ཡར་ལངས་རྒྱུ་མེད་སྣང་ཤར་གྱི་ཡོད་མོད།
        ཤེས་རབ་ཀྱིས་ང་སྤྱི་ཚོགས་དང་ཡུལ་ལུང་འདིར་ཤ་ཚ་བས་བདེན་པའི་སྐད་འབོད་རྒྱག་པ་ཡིན་ལ། དེ་ནི་ངས་ལོ་ཤས་རིང་སློབ་སྦྱོང་གི་དུས་ཚོད་ལས་རྙེད་པའི་འབྲས་བུ་ཞིག་དང་། ངའི་མི་ཚེའི་ཁྲོད་ཀྱི་བྱ་བཞག་ལེགས་ཤོས་ཤིག་ཏུ་བརྩི་ཆོག་མོད། སྟབས་མ་ལེགས་པ་ཞིག་ལ་ངའི་ཁྱིམ་ཚང་སྡུག་ལ་སྦྱར་སོང་། དེ་ནི་ངའི་མི་ཚེ་འདིའི་ནང་རྒྱ་མཚོའི་གཏིང་དུ་འཛུལ་ནས་བཀྲུས་ཀྱང་འདག་ཏུ་མེད་པའི་ནག་ཉེས་དེ་རེད། འོན་ཀྱང་། ང་ད་དུང་ཤི་མེད། གསོན་ནས་ཡོད། སྔར་བཞིན་གསོན་ནས་ཡོད་ཅེས་དུས་དེ་ནས་བཟུང་བཤད་ཀྱི་ཡོད། འོ་ན། དོན་དག་དེ་འཛམ་གླིང་སྒང་དུ་མི་བསྒྲགས་དོན་ཅི་ཡིན་ཞེ་ན། དེའང་རྒྱུ་མཚན་མེད་པ་ག་ལ་ཡིན། ཤེས་རབ་ཀྱིས་བཟའ་མི་ཡོངས་སྡུག་བསྔལ་གྱི་རྒྱ་མཚོ་ཞིག་ཏུ་འཕངས་ཟིན་ལ། སླར་ཡང་འཕངས་འདོད་མེད་པས་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན་སྐབས་དེ་དང་དེ་ལྟ་བུའི་གནས་ཚུལ་དང་འཕྲད་སྐབས་ཁོའི་ལངས་ཕྱོགས་སུ་ཡོད་མཁན་ནི་ཁོའི་ནུས་པ་དང་མཉམ་པའི་སློབ་གྲོགས་དང་གྲོགས་པོ་ཁག་ཅིག་ལས་གཞན་མེད་པས་རེད་ལ། དུས་རྒྱུན་པར་གནས་ལུགས་དང་དྲང་བདེན་གཙིགས་སུ་འཛིན་དགོས་ཞེས་བཤད་འདུག་མཁན་གྱི་བླ་མ་སོགས་སྤྱི་ཚོགས་སྟེང་གི་མི་སྣ་ནུས་ཤུགས་ཅན་ཕལ་ཆེར་སྐབས་དེར་སྤྲུལ་སྐུའི་ཕྱོགས་སུ་ལངས་འདུག་པ་མ་ཚད། ཤེས་རབ་ལ་རྒྱོབས་རྒྱོབས་དང་སོད་སོད་དམ་ཉམས་དང་བསྟན་བཤིག་ཅེས་ཆར་བ་འབེབས་ཀྱིན་འདུག

        དེ་ནི་ཤེས་རབ་ཀྱིས་ལས་ཀ་དེ་ནོར་འཁྲུལ་ཅན་ཞིག་དང་། སྤྲུལ་སྐུ་དབང་ཆེན་དོན་འགྲུབ་ཀྱིས་མཛད་པ་དེ་བཟང་བས་ཡིན་པ་མ་ངེས་མོད། ཁོ་ཚོ་ཕན་ཚུན་འགྲོགས་འདྲིས་ཆེ་བའི་བླ་སྤྲུལ་སྐྱེས་ཆེན་ཁག་ཡིན་པས་རེད། ཡུལ་ལུང་དེ་ནས་བརྒལ་བའི་མི་བུ་དག་གིས་ཁོང་གི་མཛད་པ་དང་འཕྲིན་ལས་དག་ལ་ཆ་རྒྱུས་མེད་པས་ཡིན་ཡང་སྲིད།

(《གངས་དཀར་རི་བོ།》ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1