༄༅།། བཻ་རོའི་སྒྲུབ་ཕུག་ཏུ་མཇལ་སྐོར་ལ་ཕྱིན་པའི་ཟིན་ཐོ།

བསོད་ནམས་སྐྱིད་ཀྱིས་བྲིས རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-25



བསོད་ནམས་སྐྱིད་ཀྱིས་བྲིས། བསོད་ནམས་སྐྱིད་དང་ཚེ་བརྟན་གྱིས་པར་བླངས།

        གཟའ་ཉི་མའི་ཁོམ་ལོང་དང་བསྟུན་ནས་ང་རང་གྲོགས་མོ་གཡང་མོ་དང་མཉམ་དུ་སོ་མང་ཡུལ་ཚོ་རུ་བསྐྱོད་པའི་སྤྱི་སྤྱོད་རླངས་འཁོར་དུ་བསྡད་དེ། ཆུ་ཆེན་པོ་ཞིག་གི་འགྲམ་ལོགས་སུ་མཆོད་རྟེན་ཆུང་ཆུང་བརྒྱད་བཞེངས་ཡོད་ས་ཞིག་ནས་མར་བབས་ཏེ་ཡར་རི་མགོར་རྐང་ཐང་དུ་ལམ་ཐག་སྤྱི་ལེ་གཉིས་ཙམ་ལ་སོང་སྟེ་བྲག་རི་དང་ནགས་རིའི་གསེབ་ཀྱི་དབེན་གནས་བཻ་རོའི་འོད་གསལ་སྒྲུབ་ཕུག་ཏུ་སླེབས།

        སྟོན་མཇུག་གི་འབར་ཁམས་དེ་གསེར་མདོག་གིས་ཡོངས་སུ་བཀླུབས་ཡོད་ཅིང་། རྒྱང་རིང་གི་ཤེལ་དཀར་གངས་རིའི་ལྷུན་རྩེ་ནས་འཕོས་པའི་ཉི་ཟེར་དྲོན་མོ་ཞིག་ལོ་ཆེན་བཻ་རོའི་བྱིན་རླབས་ཏིང་འཛིན་འཕེལ་བའི་སྒྲུབ་གནས་ལ་ཤར་ནས་གསེར་འོད་ལམ་ལམ་འཚེར། དེ་ཡང་བཻ་རོའི་ཕུག་གི་གནས་ཡིག་བཞུགས་སོ་ཞེས་བྱ་བ་ལས་པད་འབྱུང་རྩ་གསུམ་ལྷ་ཚོགས་ལ། འུབ་ཆུབ་བློ་འདས་ངང་ནས་ཕྱག་འཚལ་ལོ། ཤར་ཕྱོགས་རྒྱལ་མོ་རོང་གི་ས་ཡི་ཆར། པད་འབྱུང་མཚོ་རྒྱལ་བཻ་རོ་ཙ་ན་ཡི། སྒྲུབ་ཕུག་འོད་གསལ་རྫོང་ཞེས་བྱ་བ་ཡོད། ཅེས་འཁོད་པ་ལྟར། བཻ་རོའི་སྒྲུབ་ཕུག་འོད་གསལ་གླིང་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་དང་སྤྱི་ལེ་བཅུ་ལྷག་གི་མཚམས་སུ་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་4000ལྷག་གི་རི་གསེང་ཞིག་ཏུ་ཆགས་ཡོད་ལ། རྙིང་མ་བའི་ཆོས་བརྒྱུད་དུ་གཏོགས།

        དེ་ནི་ལོ་ཆེན་བཻ་རོ་ཙ་ན་རྒྱལ་རོང་ཡུལ་དུ་བཞུགས་སྐབས་དབེན་པའི་བྲག་ཏུ་སྒྲུབ་པ་མཛད་སའི་སྒྲུབ་ཕུག་གྲས་ཀྱི་གཅིག་ཡིན། ཉིན་དེར་མི་མང་པོ་མེད་ལ། དགོན་པའི་ཨ་ཁུས་མཇལ་སྐོར་བ་བསྐོར་རེ་རེ་ལ་སྒྲུབ་གནས་ཀྱི་སྐུ་གསུང་ཐུགས་རྟེན་ངོ་སྤྲོད་བྱེད་ཞོར་ཇ་བཞེས་གནང་ནས་ངལ་གསོ་བྱས་ཟེར།

        ངེད་གཉིས་ཐོག་མར་ཕུག་གི་སྒྲུབ་ཁང་དངོས་ལ་མཆོད་མཇལ་དུ་ཕྱིན། བྲག་ངོས་སུ་བརྐོས་ཡོད་པའི་སྒྲུབ་ཁང་འདིའི་མཐོ་ལ་ཕལ་ཆེར་སྨི་གཅིག་དང་ཕྱེད་ཙམ་དང་ཞེང་ལ་སྨི་གཅིག་ཙམ་ཡོད། ལོ་འགའི་སྔོན་དུ་སྒྲུབ་ཁང་ལ་དངོས་སུ་མཆོད་མཇལ་ཐུབ་མོད། དེང་སང་མདུན་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་འདྲ་སྐུ་བཤམས་ཡོད་པས་རྒྱང་མཇལ་མ་གཏོགས་བྱེད་མི་ཐུབ།
        སྒྲུབ་ཕུག་གི་འགྲམ་དུ་རང་བྱུང་དྲི་མ་མེད་པའི་གཏེར་ཆུ་ཞིག་མཆིས་ལ། མཇལ་སྐོར་དུ་ཕེབས་མཁན་ཚང་མས་གཏེར་ཆུ་དྭངས་མ་དེ་བཞེས་བྱུང་། མུ་མཐུད་དུ་བཻ་རོའི་ཕྱག་རྗེས། གཡུ་སྒྲའི་མཛུབ་རྗེས། ཤངས་དར་སྙན་གྱི་རྗེས། གཡུ་སྒྲ་སྙིང་པོའི་སྒྲུབ་ཕུག སྲིད་ཟིལ་གནོན་གྱི་སྐུ་རང་བྱོན་སོགས་ལ་མཆོད་མཇལ་བྱས།
        ཡང་དགོན་པའི་ཨ་ཁུས་ངོ་སྤྲོད་བྱས་པ་ལྟར་ན། དང་ཐོག་ཕུག་གི་སྒྲུབ་ཁང་མ་གཏོགས་གནས་འདིར་ཅི་ཡང་མེད་པས་མི་མེད་ལུང་སྟོང་ཞིག་རེད། ཕྱིས་སུ་རྨེ་སྤྲུལ་རིན་པོ་རྡོ་རྗེ་དགྲ་འདུལ་མཆོག་གིས་ལྷ་ཁང་གོང་འོག་སོགས་གསར་དུ་བཞེངས་ཤིང་བཤད་སྒྲུབ་ཀྱི་སྡེ་བཙུགས་ནས་གྲུབ་མཐའ་རིས་མེད་ལ་ཞབས་ཞུ་སྒྲུབ་པའི་སྒྲུབ་གནས་ཁྱད་པར་ཅན་ཞིག་ཏུ་ཆགས། ཞེས་ཟེར།
བཻ་རོའི་ཕྱག་བརྟེན།
        ལོ་གཉིས་གསུམ་གྱི་ཡར་སྔོན་དུ་དད་ལྡན་མང་ཚོགས་ཀྱིས་རང་མོས་ཞལ་འདེབས་ཕུལ་ནས་ལྕགས་ཀྱི་སྐས་རིང་མོ་བཟོས་ནས་ལམ་ཐག་ཇེ་ཉེར་བཏང་ཡོད་པས། དེང་སང་སྒྲུབ་གནས་འདིར་མཆོད་མཇལ་དུ་ཕེབས་མཁན་ཉིན་རྒྱུན་རྒྱུན་ཆད་མེད་ལ། ངེད་གཉིས་མཛོད་དགེ་ནས་ཡོང་པའི་མཇལ་སྐོར་བ་འགའ་དང་མཉམ་དུ་རི་སྐོར་དུ་སོང་། སྐོར་ལམ་དུ་མཁའ་འགྲོའི་བྲོ་ལམ། ཁྲུས་ཀྱི་རྫིང་བུ། འབུམ་གཏེར་ནས་བཏོན་པའི་གཏེར་ཁུང་། བཀའ་འགྱུར་གྱི་གཏེར་གནས་རིན་ཆེན་སྤུངས་པ། དེ་མིན་བཻ་རོའི་ཕྱག་ཕྲེང་འཐོར་བའི་ཕྲེང་རྡོག་བཅུ་དྲུག་གི་རྗེས། འདྲེ་སྲིན་དམ་ལ་བཏགས་སྐབས་ཀྱི་སྐུ་རྗེས་སོགས་རྟེན་དང་བརྟེན་པ་བྱིན་ཆགས་ལ་མཆོད་མཇལ་ཁ་ཚང་བ་ཞིག་བྱེད་པའི་སྐལ་བ་ལྡན་བྱུང་།
བཻ་རོའི་ཞབས་རྗེས།
        དེ་ལ་སྔོན་དུས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་བསྟན་པ་སྤེལ་བའི་ཚེ། བློ་རིག་རྣོ་ཞིང་སྐྱེས་སྟོབས་ཀྱི་ཤེས་རིག་ལྡན་པའི་ལོ་ཆེན་བཻ་རོ་ཙ་ན་ལ་བློན་པོ་དང་བཙུན་མོས་ཕྲག་དོག་གིས་ཕྲ་མ་བཅུག་པའི་རྐྱེན་གྱིས་ཤར་རྒྱལ་མོ་ཚ་བ་རོང་གི་ཡུལ་ཁམས་སུ་མཐའ་སྤྱུགས་མཛད། ལོ་ཙཱ་བ་ཆེན་པོ་གནས་འདིར་ཕེབས་ནས་སྒྲུབ་གནས་སུ་བྱིན་གྱིས་རླབས་ཅིང་ཡུན་རིང་བཞུགས་ཏེ་ཉེ་འཁོར་གྱི་རྒྱལ་བློན་རྣམས་ཀྱིས་གཙོས་སྐྱེ་དགུ་ཐམས་ཅད་དམ་པའི་ཆོས་ཀྱིས་ཚིམ་པར་མཛད་པ་དང་བུ་སློབ་ཀྱི་མཆོག་གྱུར་ཤར་རྒྱལ་རོང་པ་གཡུ་སྒྲ་སྙིང་པོ་སོགས་གསོ་སྐྱོང་མཛད། དེ་མིན་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་སོགས་རིས་མེད་མཁས་གྲུབ་དུ་མས་སྒྲུབ་པ་མཛད་ཅིང་བྱིན་གྱིས་བརླབས་པ་དང་། སྐྱེས་ཆེན་དམ་པ་ཞིག་ཞབས་ཀྱིས་བཅགས་ཡུལ་ལས་མེས་པོའི་གཟི་བྱིན་ཉམས་སུ་མྱོང་ཐུབ་ལ། རྒྱལ་རོང་ཡུལ་གྱི་བྲག་བར་ན་བཻ་རོའི་རྡོ་གུར་སྒྲུབ་ཕུག་དང་བཻ་རོའི་མཉམ་ཁིས་སྒྲུབ་ཕུག་སོགས་ལ་མུ་མཐུད་དུ་མཇལ་དུ་འགྲོ་རྒྱུའི་འདུན་པ་དྲག་པོ་འཕྱུར་བྱུང་ངོ་། །  

བཻ་རོའི་སྒྲུབ་ཕུག་གི་ཟུར་གཅིག

བཻ་རོའི་སྒྲུབ་ཕུག་ནང་གི་ལྷ་སྐུ། 


རྩོམ་ཡིག་སྔོན་མ།
༄༅།། འབྲས་དཀར་གྱི་བཤད་པ།
རྩོམ་ཡིག་རྗེས་མ།
༄༅།། མི།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1