ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་ཁྲེན་ཏུའུ་རུ་འཚོགས་པ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-16


        ཟླ་དང་པོའི་ཚེས་13ཉིན་ནས་ཚེས་14ཉིན་གྱི་བར་དུ། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་དེ་ཁྲེན་ཏུའུ་ནས་བསྡུ་འཚོགས་བྱས། གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁྱོན་ཡོངས་ནས་རྒྱལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་། ནན་ཏན་གྱིས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་འཐབ་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཡོང་བར་བྱེད་པ། ཁྱོན་ཡོངས་ནས་དུས་རབས་གསར་པའི་ནང་དུ་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ཁག་དོན་འཁྱོལ་ཡོང་བ་བཅས་བྱས་ནས།ཏང་གི་ཆབ་སྲིད་ཀྱི་འཛུགས་སྐྲུན་གཙོ་བོ་བྱེད་པ་དང་། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བར་རྣམ་པ་གསར་པ་དང་སྤྱོད་ཚུལ་གསར་པ་ཡོད་པར་སྐུལ་འདེད་བཏང་སྟེ།འཆམ་མཐུན་དང་དར་རྒྱས།མཛེས་སྡུག་གི་སི་ཁྲོན་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་འདོན་སྤྲོད་བྱ་དགོས་ཅེས་ནན་གྱིས་བསྟན་པ་རེད།
        གྲོས་ཚོགས་ཐོག་འདས་ཟིན་པའི་ལོ་གཅིག་གི་ནང་དུ། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱིས་དོན་དངོས་ཐོག་འདུ་ཤེས་བཞི་སྲ་བརྟན་དུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལྟེ་བ་བྱེད་པར་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་གལ་ཆེན་ཞིག་དུ་བརྩི་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་ཆ་དང་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པ་དེ་ཆབ་སྲིད་ཀྱི་བླང་བྱ་ཨང་དང་པོར་བརྩིས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་རྒྱལ་ཁའི་ངང་བསྡུ་འཚོགས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་བསྟར་བྱ་རྒྱུ་བཅས་གཙོ་བོ་བྱེད་པར་སྣེ་ལེན་བྱས་ནས།བརྟན་ཐོག་ཡར་རྒྱས་ཡོང་བ་རྒྱུན་འཁྱོངས་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པ།འགན་འཁྲི་དང་ལས་འགན་གཙོ་བོར་དམིགས་པ་དང་།འགན་འཁུར་ཤུགས་ཆེ་རུ་བཏང་ཐོག །ནན་ཏན་གྱིས་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་པ་དང་། གཞི་རིམ་གྱི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་དཔུང་ཁག་འཛུགས་པ། འཇོན་མིའི་དཔུང་ཁག་འཛུགས་པ་བཅས་དམ་འཛིན་བྱས་ནས། རྩ་འཛུགས་བྱ་བའི་ཐད་དུ་འཕེལ་རྒྱས་དང་གྲུབ་འབྲས་གསར་བ་བླངས་ཏེ། སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་རྒྱས་གཏོང་བར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་འདོན་སྤྲོད་བྱས་ཡོད་ཅེས་བསྟན་པ་རེད།
        གྲོས་ཚོགས་ཐོག་དུས་རབས་གསར་པར་ལས་གཞི་རླབས་ཆེན་ལ་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ལག་བསྟར་བྱ་ཆེད། རྩ་འཛུགས་སྡེ་ཁག་གི་མིག་རྒྱང་རིང་བ་དང་། འགན་འཁྲི་འཁུར་ཤུགས་སྔར་ལས་ཆེ་བ། སྤྱོད་ཚུལ་སྔར་ལས་ལེགས་པོ་ཡོད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆབ་སྲིད་ལ་དང་དོན་བྱེད་པ་དང་། དྲང་བདེན་གཙིགས་སུ་འཛིན་པ། ལས་སྒོ་ལ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་བླང་བྱ་གལ་ཆེན་ཁག་གཏིང་ཟབ་སྒོས་ལག་བསྟར་བཅས་བྱས་ནས། བློ་དཀར་གཞུང་དྲང་གི་དུས་རབས་གསར་བའི་ཕུལ་བྱུང་གི་རྩ་འཛུགས་ལས་བྱེད་པ་གསོ་སྐྱོང་བྱེད་པ་དང་། ལག་ལེན་ལ་བརྟེན་ནས་དོན་དངོས་ཐོག་དུས་རབས་གསར་བའི་རྩ་འཛུགས་བྱ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ། རང་གཅུན་རང་འདོམས་ཀྱི་སྒོ་ནས་རྩ་འཛུགས་སྡེ་ཁག་གིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རྒྱུན་མཐུད་དུ་ཧུར་ཐག་གིས་སྲ་ཞིང་བརྟན་པའི་རི་ཁག་དང་དཔེ་སྟོན་གྱི་སྡེ་ཁག་འཛུགས་པ་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་གྱིས་བསྟན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1