རང་ཉིད་འབྲི་བཞེངས་བྱས།
དུར་མིག (དཀར་མཛེས)
མི་ཚེ་ཟེར་བ་འདི་རྒས་བཞིན་ཡོད
གཙང་འགྲམ་དུ་ཞོགས་པར་བྱ་ཁྱུ་འཕུར་དུས
དོ་ནུབ་སྲང་ལམ་དུ་གླུ་ལེན་མཁན་ཞིག་ཨེ་ཡོད་སྙམ
ངས་ཕ་ཡུལ་གྱི་བྲང་གཞུང་དང་དྭངས་གཙང་གི་གངས་རི་དྲན
ཐག་རིང་གི་དྲན་གདུང་ཡོད་ཚད
སང་ཉིན་སྒེའུ་ཡོལ་ཕྱེས་རྗེས་ཉི་མ་འཆར་འོང
བག་ཆགས་ལྟ་བུའི་ཚོར་བ་ཞིག་མཛེས་སྡུག་གི་ནང་དུ་བཞག
མདང་དགོང་ཁ་རོག་གེར་དཔྱིད་ཀ་ལ་མིག་ཅེར་ནས་བསྡད
ནམ་ཡང་དྲན་འོས་པའི་ཕ་ཡུལ་གྱི་རྟ་ཁྱུ
སྨིན་མའི་འོག་ནས་མི་འདི་ཚོ་འགྲུལ་བཞུད་ཡིན་པ་མཐོང
ས་རུབ་ཁར་གསེར་རྟའི་རྒོད་རྒན་ཐང་དུ་ཁོ་བོ་གཅིག་པུ་གནས
ཚེ་གང་ལ་སེམས་ཀྱི་རྟ་ཁ་ཐག་རིང་དུ་བསྐྱོགས་ཏེ་རང་བྱུང་གི་པང་ལ་ལོག
མི་ལོ་བདུན་གྱི་ཡར་སྔོན་དུ་རང་ཉིད་འབྲི་བཞེངས་བྱས
སྔ་དྲོ་ཞིག་ལ་ཕྱི་འདང་ཞིབ་མོ་རེ་བཏང་ན
ཧ་ཅང་རྒས་དྲགས་པའི་ལང་ཚོ་དེ་ཕ་ཡུལ་ནས་འཆི་ངེས
2017.10.8ཉིན།