བོད་གངས་ཅན་གྱི་གླུ་ནི་ལས་དགེ་བ་སྐྱེད་པའི་བསླབ་བྱ་ཡིན།
དཔའ་རིས་སངས་རྒྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29
[གནད་བཏུས] རྩོམ་འདིར་གཙོ་བོ་ཨ་མདོ་ཡུལ་དུ་དར་བའི་དམངས་གླུར་དཔེ་བཞག་ནས་དེས་ལས་དགེ་བ་སྐྱེད་པའི་བསླབ་བྱའི་སྐོར་རིགས་དང་དབྱེ་བ་ཕྱེ་ནས་གསོན་ཉམས་ལྡན་པའི་ཚིག་གིས་གཅིག་ཤེས་ཀུན་གྲོལ་གྱི་ཚུལ་དུ་སྤྱི་སྡོམ་བྱས་ནས་གླེང་ཡོད།
[གནད་ཚིག] བོད་གླུ། ལས་དགེ་བ། བསླབ་བྱ།
སྒང་བ་བོད་ཀྱི་མི་རྣམས་སྒོ་ཁར་བུད་ཚེ། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་སོགས་མིག་ལམ་དུ་ཤར་བའི་མོད་ལ། སེམས་ཡངས་པ་དང་། བག་དྲོ་བར་གྱུར་ནས། གནམ་སྔོན་པོ་དང་སྤྲིན་དཀར་པོ། རྫ་ཁྲ་ཡག་དང་ཆུ་དྭངས་མོ་དག་ཤོག་བུར་བྱས་ཤིང་། འོད་ཟེར་འཕྲོ་བའི་ཉི་མ། འཕུར་རྩལ་མཐོ་བའི་ཐང་དཀར། རྒྱུག་རྩལ་མགྱོགས་པའི་རྟ་མཆོག རྐྱལ་རྩལ་མྱུར་བའི་གསེར་མིག་སོགས་སྨྱུ་གུར་བྱས་ནས། ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་གི་གསོས་སུ། ལས་རྒྱུ་འབྲས་ལེགས་པར་བརྩིས་པའི་སྲོལ་ལས། སྤྱི་ཚོགས་བདེ་རབས། ཕ་ཡུལ་སྐྱིད་རབས། འཚོ་བ་དགའ་རབས་སོགས་གླུ་རུ་བརྩམས་ནས་ཕྱོགས་ཕྱོགས་སུ་ལེན་གྱིན་འདུག གླུ་སྐད་སྙན་མོ་ཐོས་པའི་ལམ་འགྲོ་བགྲོད་པ་བུལ། རི་དྭགས་རྣ་བ་བླགས། སྐྱེས་ཕོ་མོ་གང་ཡིན་རུང་། སྐད་ཆ་བཤད་ཤེས་པ་ཞིག་གིས་གླུ་ལེན་མི་ཤེས་པ་མེད་པས། བོད་ཀྱི་སྤྱི་ཚོགས་གླུ་ཡི་རྒྱ་མཚོ་ཡིན་པར་གྲགས་སོ། །
བོད་གླུའི་སྙིང་བོ་རབ་ཏུ་ཕྱུག་པ། ངག་རྟ་རོལ་མོའི་སྙན་ཆ་ཐོན་པ། རིག་པའི་སྒྱུ་རྩལ་མཆོག་ཏུ་གྱུར་པ་ཞིག་ཡིན་པའི་རྩ་བ་གསུམ་ཡོད།
གཅིག་ནི། བོད་མི་དམངས་མི་རབས་མི་ཐོག སྟོད་གངས་རིས་བསྐོར་བའི་འཁྱགས་སར་གནས་པ། ཕྱུགས་ལས་སྤེལ་བའི་ཡོང་སྒོ་མ་གཏོགས། རྒྱུ་ལོངས་སྤྱོད་དཀོན་པས། འཚོ་བའི་མཐུན་རྐྱེན་ཧ་ཅང་ཞན་པ། རང་བྱུང་གི་གནོད་པ་མང་ཞིང་། གཅན་གཟན་གྱི་གནོད་པ་ཡང་ཆེ། དེ་འདྲའི་ཁོར་ཡུག་ལས་མི་ཚེ་གཏོང་དཀའ་ཡང་། དཀའ་བ་ཁྱད་དུ་བསད། ལུས་སྲོག་འབེན་དུ་བཙུགས། ལས་ལ་བརྩོན་འགྲུས་ཆེ། འཐབ་ལ་བརྟུལ་ཕོད་ཆེ། སེམས་ཀྱི་དཔའ་བསྐྱེད་ན། ལུས་ཀྱི་སྡུག་བསྔལ་གྲོལ། སྡུག་སྡུག་ན་སྡུག་རྒྱུ་མ་ཤེས། སེམས་བདེ་ན་བདེ་བའི་མཆོག་ཡིན། སྐྱིད་མ་ཁྱེག་ན་ཡ་རབས་མིན། སྡུག་མ་ཁྱེག་ན་བུ་རབ་མིན། དགའ་སྣང་རིང་ལུགས་ཀྱི་སྙིང་སྟོབས་འཚོ་བའི་རྟེན་གཞིར་གྱུར་ནས། གླུ་ལེན་པར་དགའ་བ་དང་། བྲོ་འཆམ་པར་སྤྲོ་བའི་སྲོལ་བཟང་པོོ་ཞིག་ཆགས་བྱུང་། །
གཉིས་ནི། བོད་ཀྱི་སྤྱི་ཚོགས་ལོ་ངོ་སྟོང་ཕྲག་ཡན་ཆད། གྲོང་ཁྱེར་དང་དགོན་ཆེན་མ་གཏོགས། ཆེད་གཉེར་གྱི་ཟློས་གར་ཚོགས་པ་མེད་པས། རིག་པའི་སྒྱུ་རྩལ་ལ་དགའ་བའི་ཡུལ་མཐའ་འཁོབ་ཀྱི་འབྲོག་པ་རོང་བ་ཚོ། དུས་ཆེན་དང་། བག་སྟོན་དང་། ལོ་སར་གང་རུང་ལ་ཐུག་དུས། སྐྱིད་པའི་གླུ་བླངས། དགའ་བའི་བྲོ་འཁྲབས། མཚར་བའི་གར་བསྒྱུར་ནས་དགའ་སྟོན་རྟེན་འབྲེལ་བྱེད་པའི་དཔེ་དར། གླུ་བླངས་ཀྱིན་བླངས་ཀྱིན་ཇེ་མང། བརྗོད་བྱ་ཕུན་སུམ་ཚོགས་པར་གྱུར་ཅིིང་། ངག་བཀུག་གིན་བཀུག་གིན་ཇེ་ཡག རོལ་མོའི་སྙན་ཆ་འཕྲོག་པར་གྱུར་པས། འཚོ་བ་སྐྱིད་ལ་བསྐུལ་བ། ལས་ལ་ངར་ཤུགས་བསྐྱེད་པ། རྨོངས་མུན་འཇོམས་པའི་སྒྲོན་མེ་བཀར་བའི་སྒྱུ་རྩལ་དཔལ་དང་ལྡན་པ་ཞིག་ཉན་སོང་། །
གསུམ་ནི། བོད་ཀྱི་སྤྱི་ཚོགས་སུ། བཅིངས་གྲོལ་སྔོན་ལ་སློབ་གྲྭ་མེད། མེད་ཟེར་ན་ཡང་ཡོད། དགོན་པ་སློབ་གྲྭ་རེད། དེ་གས་སྐྱེད་བསྲིང་རྒྱུ་རིག་གནས་བཅུ་ཕྲག་གི་མཁས་པ་ཡིན་མོད། དེར་ཞུགས་པ་གྲྭ་པ་ཙམ་ལས། རོང་འབྲོག་གི་གཞོན་ནུ་གྲྭ་པ་མ་བྱས་ན་དེར་ཞུགས་པའི་སྐལ་བ་མེད། དེ་ཕྱིར་ངལ་རྩོལ་མི་དམངས་ཀྱིས་དགའ་འདུན་དོ་ར་སློབ་གྲྭ་ལྟ་བུ་བྱས་ནས། གླུ་སྣ་ཚོགས་བསླབ་བྱ་བྱས་ཏེ། སྤྱི་ཚོགས་ཀྱི་ཚན་རིག་དང། རང་བྱུང་གི་ཚན་རིག་དང་། མི་ཚེ་གཏང་བའི་གནས་ལུགས་སོགས་དྲིལ་བསྒྲགས་ནས། མི་རྣམས་ཀྱི་ཤེས་རིག་དང་། སྤྱི་ཚོགས་ཀྱི་དཔལ་ཡོན་ཇེ་རྒྱས་སུ་གཏོང་བ་
ཡིན།
བོད་གླུ་སྤྱིར་བཏང་ཙམ་བཤད་པ།
དབྱངས་གྱེར་ནས་བླང་བ་ཐམས་ཅད་གླུ་མིན། ལ་གཞས་ཞེས་པའི་རིགས་ཤིག་ཀྱང་ཡོད། ལ་གཞས་ཀྱི་བརྗོད་བྱ་ནི་ཕོ་མོའི་བརྩེ་དུང་ཡིན་པས། མི་ཆེ་ཆུང་རྒན་གཞོན་གྱི་ངོ་སྲུང་དགོས་པའི་ཁྱིམ་དང་རུའི་ནང་དུ་ལེན་པའི་དཔེ་མེད། སྐྱེས་ཕོ་མོ་འདོད་པའི་ས་ལ་འོག་ཏུ་ལེན་རྒྱུ་ཞིག་ཡིན་པས་ལ་གཞས་ཟེར། སྐབས་འདིའི་བརྗོད་བྱ་མིན། སྐབས་འདིར་ཆེད་དུ་བརྗོད་པ་གླུ་ཡིན། གླུ་ཐུང་ངུ་མེ་ཏོག་བཞད་པ་དང་། གླུ་རིང་མོ་ཆུ་བོ་དལ་འབབ་ཅེས་སྒྲིག་ཚུལ་གཉིས་ཡོད། གླུ་ཐུང་ངུའི་སྒྲིག་ཚུལ་བཞི་ཡོད།
གཅིག་ནི། ཚིག་ཀ་བཞི་ཅན། སྙན་ངག་དང་འདྲ། དཔེར་ན།“ཀུན་དགའ་ར་བའི་ནང་དུ། ། མེ་ཏོག་སྣ་ཚོགས་བཞད་པ། ། གང་འདོད་འགའ་ཞིག་བཏོགས་ནས། །
གུས་པས་སྟོན་མོར་འབུལ་བ། །”ཞེས་མགྲོན་པོ་ཞིག་གིས་མེ་ཏོག་ཆུང་ཡང་ལྷ་རྫས་ཡིན་པའི་གླུ་ཞིག་གིས་སྟོན་མོར་ཞུགས་པའི་དགའ་སྣང་མཚོན་པ།
གཉིས་ནི། ཚིག་མང་པོ་ཅན། རྟོགས་བརྗོད་ཐུང་ངུ་འདྲ། དཔེར་ན།“ཁ་སང་ཆ་མར་སོང་བ། ། སེམས་ལ་སྡུག་པས་གདུངས་ནས། ། སྐྱོ་བའི་གླུ་ཞིག་བླངས་བྱུང་། ། ནགས་ནང་འཇོལ་མོས་དྲིས་པ། ། ཁྱོད་ལ་ཨ་མ་མེད་ནེ། ། ཨ་མ་ཡོད་རྒྱུ་ཡོད་དང་། ། སྐུ་སྲོག་རང་ལ་མ་དབང་། ། ནད་ཀྱིས་བར་
ཆད་བྱུང་ན། ། འཇིག་རྟེན་ཆོས་ཉིད་ཡིན་མོད། །
མ་ཤི་གསོན་བྲལ་བྱས་པ། ། མངའ་བདག་ཇི་འདྲ་གདུག་ཨང་། །”ཞེས་བྱེའུ་འཇོལ་མོས་འཚམས་འདྲི་ཞུས་པའི་ལན་དུ། མངའ་བདག་གིས་བྲན་གཡོག་མི་ལ་མི་རྩི། རྟ་ཟོག་བཀོལ་བཀོལ་བྱས་ནས། མནར་ཤིར་བཏང་བའི་གདུག་རྩུབ་ཡ་ང་བའི་མཚང་རྗེན་པར་བརྟོལ་བྱུང་།
གསུམ་ནི། རིམ་པ་གསུམ་ཅན། དཔེ་ཡིས་དཔེ་ཅན་སྟོན་པ་ཞིག་ཡིན། འདི་རིགས་ཁྱབ་ཆེ་བས། ཅུང་ཟད་སྤྲོས་ན། རིམ་པ་སོ་སོའི་ཚིག་ཀ་མང་ཉུང་འདྲ་བ། ཚིག་ཀ་གཉིས་རེ་ནས་བཅུ་རེའི་བར་ཡོད།
སྤྱིར་རིམ་པ་སྔ་མ་གཉིས་དཔེ་དང་། ཕྱི་མ་གཅིག་དཔེ་ཅན་ཡིན། ཇི་སྐད་དུ།“གླུ་བླངས་ན་དཔེ་དོན་གཉིས་ཀ་དགོས། ། དཔེ་མེད་ན་གོས་ལ་གོང་བ་མེད། ། གོས་གོང་བ་མེད་ན་གོན་ལུགས་མེད། ། དོན་མེད་ན་གོས་ལ་རུམ་ཁ་མེད། ། གོས་རུམ་ཁ་མེད་ན་འཁྱེར་ལུགས་མེད། །
གཉིས་འཛོམས་ན་འཇིག་རྟེན་ལེན་ལུགས་ཡིན། །”
ཞེས་པ་ལྟར། དཔེ་ཡིས་བསྟན་པ། དོན་གྱི་གནད་གསལ་བ། ངག་ལ་འགུགས་སླ། བློ་ལ་འཛིན་བདེ། དཔེར་ན།“སྤེན་མའི་མེ་ལྕེ་འབར་ཁ་དྲོ། ། དྲོ་ཡང་ས་གཞིར་དྲོ་ས་མེད། ། ས་གཞི་དྲོས་ནོ་ཉི་མ་རེད། ། གློག་གི་སྒྲོན་མེ་འོད་སྣང་གསལ། ། གསལ་ཡང་མཚན་མོ་གསལ་ས་མེད། །
མཚན་མོ་གསལ་ནོ་ཟླ་བ་རེད། ། རྩི་ཤིང་སྔོ་ལྗང་རྒྱན་དུ་ཡག ། ཡག་ཀྱང་སྤྱི་ཚོགས་ཡག་ས་མེད། ། སྤྱི་ཚོགས་ཡག་ནོ་ངལ་རྩོལ་རེད། །”ཅེས་ཉི་ཟླའི་ཕན་ཡོན་དཔེ་བླངས་ནས། ངལ་རྩོལ་གྱི་རིན་ཐང་བསྟན་པ་སྟེ། ངལ་རྩོལ་གྱིས་མིའི་འགྲོ་བ་བསྐྱེད་པ་དང་། ངལ་རྩོལ་གྱིས་སྤྱི་ཚོགས་ཀྱི་དཔལ་ཁ་སྤེལ་བ་ལྟ་བུའོ། །
ཞོར་དུ་བཤད་དགོས་པ་ནི། གླུ་རིམ་པ་གཉིས་ཅན་གྱི་ལེན་སྲོལ་ཡོད་ཀྱང་། རིམ་པ་གསུམ་ཅན་གྱི་དཔེ་ཞིག་ཕྲི་བྱུང་བ་ཙམ་སྟེ། མི་མང་པོ་འཚོགས་ནས་གླུ་ལེན་པར། དུས་ཚོད་བསྲིས་པའི་དབང་དུ་རིམ་པ་གཉིས་ཅན་བླངས་པ་ཡིན་ནོ། །
བཞི་ནི། དྲི་བ་དྲིས་ལན། གཙོ་བོར་གླུ་གཅིག་གིས་དྲི་བ་འཕངས། གཅིག་གིས་ལན་བཏབ་པའི་སྒོ་ནས། ཉན་མཁན་རྣམས་ལ་ཤེས་རྒྱ་སྐྱེད་པའི་ཐབས་དམ་པ་ཞིག་རེད། གླུ་ཐུང་བོ་དཔེར་ན།“དྲི་བ། རི་རྒྱལ་ལྷུན་པོའི་རི་རྩེ་ན། ། གཤོག་པ་ཅན་གྱི་རྩྭ་གཟན་གསུམ། ། ངས་མ་ཤེས་གླུ་བར་དྲིས་ལེ་ཡིན། ། རི་རྒྱལ་ལྷུན་པོའི་རི་སྐེད་ན། ། མཆེ་བ་ཅན་གྱི་སྒོང་འཇོག་གསུམ། ། ངས་མ་ཤེས་གླུ་བར་དྲིས་ལེ་ཡིན། ། རི་རྒྱལ་ལྷུན་པོའི་རི་ཞོལ་ན། ། རྨིག་པ་ཅན་གྱི་ཤ་ཟན་གསུམ། ། ངས་མ་ཤེས་གླུ་བར་དྲིས་ལེ་ཡིན། །
དྲིས་ལན། རི་རྒྱལ་ལྷུན་པོའི་རི་རྩེ་ན། ། གཤོག་པ་ཅན་གྱི་རྩྭ་གཟན་གསུམ། ། ལྷ་བྱ་གོང་མོས་རྫ་རྩྭ་ཟ། ། སྲེག་པ་སྐྱ་ལེབ་སྲིད་རྩྭ་ཟ། ། ངང་བ་སེར་བོས་འདམ་རྩྭ་ཟ། ། རི་རྒྱལ་ལྷུན་པོའི་རི་སྐེད་ན། ། མཆེ་བ་ཅན་གྱི་སྒོང་འཇོག་གསུམ། ། གཡུ་འབྲུག་སྔོན་མོས་གཡུ་སྒོང་འཇོག ། སེང་གེ་དཀར་མོས་དུང་སྒོང་འཇོག ། སྲེ་མོང་དམར་བོས་མཚལ་སྒོང་འཇོག ། རི་རྒྱལ་ལྷུན་པོའི་རི་ཞོལ་ན། ། རྨིག་པ་ཅན་གྱི་ཤ་ཟན་གསུམ། ། སྟོན་ཀའི་ཤ་བོས་སྦལ་ཤ་ཟ། ། གཡང་དཀར་ལུག་གིས་རྨིགས་ཤ་ཟ། ། ཁྱུང་དཀར་མཛོ་ཡིས་སྦྲུལ་ཤ་ཟ། །”
ཞེས་རྩྭ་གཟན་རི་དྭགས་ཙམ་མིན་ཏེ་འདབ་ཆགས་ཀྱང་ཡོད། སྒོང་འཇོག་འདབ་ཆགས་ཙམ་མིན་ཏེ་དུད་འགྲོ་ཡང་ཡོད། ཤ་ཟན་གཅན་གཟན་ཙམ་མིན་ཏེ་རི་དྭགས་ཀྱང་ཡོད་ཚུལ་བསྟན་བྱུང་།
གླུ་རིང་བོ་ལུག་གླུ་ལྟ་བུ་མགོ་ནས་མཇུག་བར། དོན་ཚན་རེ་རེ་མུ་ཏིག་སྟར་ལ་བརྒྱུས་པ་ལྟར་རྒྱུན་ཆགས་པ་ཞིག་རེད། ལུག་གཡང་དཀར་ཐོག་མར་རྒྱ་མཚོ་ལས་བྱུང། རི་དྭགས་ནས་སྒོ་ཕྱུགས་སུ་གྱུར། འབྲོག་པའི་འཚོ་རྟེན་གལ་ཆེན་ཉན་པ་སོགས། དྲི་བ་དྲིས་ལན་དུ་ཉིན་གཅིག་ལ་བླངས་ནས་མི་ཚར། སྲོག་ཆགས་འཕེལ་ཞིང་འགྱུར་བའི་ལོ་རྒྱུས་མཚར་མོ་ཞིག་བསྟན་བྱུང་།
བོད་གླུ་བྱེ་བྲག་པ་བཤད་པ།
གླུ་པའི་ཁ་དཔེ་ལ།“སྟོན་མོ་བཤམ་པར་བསྟོད་ར་ལེན། ། ཀུ་རེ་རྩེད་མོར་ཁ་མཚར་ལེན། ། གནས་ལུགས་བརྗོད་པར་རྟེན་འབྲེལ་ལེན། ། ཤེས་རབ་བསྐྱེད་པར་དྲིས་ལན་ལེན། ། བློ་རྩལ་འགྲན་པར་གླུ་ཤགས་ལེན། ། དོན་ཆེན་སྒྲུབ་པར་འགྲིག་མཐུན་ལེན། ། དགེ་བ་སྨོན་པར་བཀྲ་ཤིས་ལེན། ། མ་རབས་གཅོད་པར་སྨད་ར་ལེན། །
འབེན་ལ་མདའ་མོ་མི་འཕེན་པར། ། ལ་ལེན་ལུང་ལེན་དོན་གོ་ཆུང་། །”ཞེས་པ་ལྟར། བོད་གླུ་རིགས་ཚན་མང་ཞིང་། ལེན་ལུགས་ཁྱབ་ཆེ་བ་རིམ་པ་གསུམ་ཅན་ཡིན།
ད་ནི་ཚན་པ་སོ་སོར་གླུ་རེ་གཉིས་བཀོད་ནས་དཔེ་ཙམ་བསྟན་པར་བྱའོ། །
1.བསྟོད་ར།“དགུང་ཨ་སྔོན་དཀྱིལ་ནས་གུར་
ཞིག་ཕུབ། ། སྤྲིན་དཀར་དམར་གཉིས་ཀྱིས་གདན་ཞིག་བཏིང་། ། དགུང་ཉི་ཟླ་གཉིས་ཀ་མགྲོན་དུ་འབོད། ། ཡར་ལོངས་དང་གཡུ་འབྲུག་རྩེད་མོ་རྩེ། །
རྫ་ཁྲ་ཡག་སྟོད་ནས་གུར་ཞིབ་ཕུབ། ། རྩྭ་རྩི་ཐོག་གཉིས་ཀྱིས་གདན་ཞིང་བཏིང་། ། རྐྱང་འབྲོང་ཤ་བ་མགྲོན་དུ་འབོད། ། ཡར་ལོངས་དང་རྫི་བོ་བྲོ་ཞིག་འཆོམས། ། ཁྱིམ་གྲུ་བཞི་ཕྱི་ནང་ཤོམ་ར་འཐེན། །
ཟས་གཡོས་སྣ་དཀར་དམར་སྡེར་ཁ་སྒྲིག ། གཉེན་ཉེ་འབྲེལ་མི་སྣ་མགྲོན་དུ་འབོད། ། ཡར་ལོངས་དང་གླུ་པས་གླུ་ཞིག་ལོངས། ། དགུང་ཨ་སྔོན་ཚང་གི་སྟོན་མོ་ལ། ། ང་གཡུ་འབྲུག་གཟས་ནས་ཡོང་བ་ཡིན། ། འབྲུག་དེ་རིང་མི་གྲག་ནམ་ཞིག་གྲག ། རྫ་ཁྲ་ཡག་ཚང་གི་སྟོན་མོ་ལ། ། ང་བྲེ་སེར་གཟས་ནས་ཡོང་བ་ཡིན། ། འབྲོང་དེ་རིང་མི་རྩེ་ནམ་ཞིག་རྩེ། ། ཁྱིམ་ཡ་རབས་ཚང་གི་སྟོན་མོ་ལ། ། ང་གླུ་པ་གཟས་ནས་ཡོང་བ་ཡིན། ། གླུ་དེ་རིང་མི་ལེན་ནམ་ཞིག་ལེན། །”
གཞིས་བྱེས་འཛོམས་པའིི་དགའ་སྟོན་ལ། ཟས་སྣ་སྡེར་ཁ་བསྒྲིགས། ཆང་སྣ་གླུ་ཡིས་དྲངས། ཁ་སྐྱིད་ངོ་འཛུམ། ཉམས་དགའ་བག་དྲོ། ཉིན་གཅིག་གི་སྟོན་མོ། ཡུན་རིང་གི་མི་བརྩེ། ཨ་ཧོ་རྨད།
མདོར་ན། བཟང་པོའི་དཔེ་དང་མཛེས་པའི་རྒྱན། ། བསྟོད་ཀྱིན་བསྡད་ན་ཇེ་རྒྱས་རེད། །
2. སྨད་ར།“ལྷ་སྐུ་བཀྲ་བ་ཚོན་མདངས་རེད། །
བྱིན་རླབས་མེད་ན་ས་ཐོ་རེད། ། སྟག་ཤར་བརྗིད་པ་གོ་མཚོན་རེད། ། དཔའ་རྩལ་མེད་ན་ཝ་སྐྱེས་རེད། ། སྨན་ཤར་ཡག་པ་གོས་རྒྱན་རེད། ། བློ་མིག་མེད་ན་ལོགས་རིས་རེད། །
ཟླ་འོད་གསལ་འདོད་སྤྲིན་གྱིས་བསྒྲིབས། ། རང་ཉིད་སྐྱིད་འདོད་ཧམ་པས་ཕུང་། ། བདུད་རྩི་ཆང་གི་རྫ་མ་དེ། །
རང་ལ་ཐོབ་ཀྱང་དོན་གོ་ཆུང་། ། འཐུང་མ་ཤེས་ན་རང་ཉིད་བརླག ། གཅེས་ཕྲུག་གཞོན་ནུའི་རྩེད་མོ་དེ། ། སྣང་བ་སྐྱིད་ཀྱང་སྙིང་བོ་མེད། ། རྩེས་ཀྱིན་བསྡད་ན་རྐྱལ་སྟོང་ཉན། ། ཕ་ཁྱིམ་ཕྱུག་པོའི་རྒྱུ་ནོར་དེ། ། རྩྭ་ཁའི་ཟིལ་བ་རྟག་པ་མེད། ། སྤྱོད་ཉེས་བྱས་ན་སྤྲང་པོོར་ལོག །”
ཆང་དང་རྩེད་མོ་རྒྱུ་དང་གསུམ། ཆོག་ཤེས་ཅན་གྱི་གྲོགས་མཆོག་ཡིན། སྨྱོ་ཧམ་ཅན་གྱི་དགྲ་ནག་ཡིན། འཇིག་རྟེན་བདེ་ལ་འགོད་པར། ཡ་རབས་ཀྱི་སྲོལ་བཏོད་པ་དང་། མ་རབས་ཀྱི་སྲོལ་སྣུབ་པ་གལ་ཆེ། མེ་ཏོག་ཡག་པ་སུས་ཀྱང་ལྟ་འདོད། ཡོ་བྱད་བཟང་པོ་སུས་ཀྱང་བཀོལ་འདོད། ཕྱི་ལུས་པོ་མཛེས་པར་བརྒྱན་ཀྱང་། ཐབས་ཤེས་རབ་ཉམས་སུ་མ་ལེན་ན། གོ་ཅི་ཆོད། སྡུག་གྱོང་རེད།
3. ཁ་མཚར།“མ་ཎི་དམིགས་བརྩེ་སྐྱབས་འགྲོ་གསུམ། ། ཡིག་འབྲུ་ཉུང་ཡང་ཕན་ཡོན་ཆེ། ། གཡུ་དང་བྱུ་རུ་མུ་ཏིག་གསུམ། ། རྡོག་པོ་ཆུང་ཡང་རིན་ཐང་ཆེ། ། ཤགས་དང་ཁ་མཚར་བསྟོད་ར་གསུམ། ། བརྗོད་པ་ཉུང་ཡང་ཤེས་རབ་ཆེ། །”ཁ་ཏོན་དང་གཡུ་བྱུར་དཔེ་བླངས་ནས། གླུ་ཡི་ཕན་ཡོན་དང་རིན་ཐང་ནི། ཤེས་རབ་སྐྱེད་པ་ཡིན་པའི་དོན་བསྟན།
“རི་མགོ་རྫ་མགོ་ཁ་བས་བཟུང་། ། ཆུ་རྒྱུན་མི་འཆད་སྐྱིད་ཙིག་ཡོད། ། རྫ་སྐེད་རི་སྐེད་ནགས་ཀྱིས་
བཟུང་། ། ཤིང་ཆ་མི་དཀོན་སྐྱིད་ཙིག་ཡོད། ། རྫ་ཞོལ་རི་ཞོལ་ཞིང་གིས་བཟུང་། ། ལོངས་སྤྱོད་འཛོམས་པའི་སྐྱིད་ཙིག་ཡོད། །”བོད་འདུག་སའི་ཡུལ་གྲུ་ཕལ་མོ་ཆེར། ཆུ་རྒྱུན་དང་ནགས་ཚལ། ཞིང་སའམ་སྤང་ལྗོངས་ཡོད་པས། ཁོར་ཡུག་མཛེས་ཤིང་འཚོ་རྟེན་བཟང་། ཕ་ཡུལ་དགའ་བའི་མི་རྣམས། སྣང་བ་སྐྱིད་པའི་གླུ་ལེན་པར་ཤིན་ཏུ་དགའོ། ། མེ་ཏོག་གསེར་ཆེན་སྤང་གི་རྒྱན་ཡིན། ། ཁ་མཚར་རྩེད་མོ་འདུན་སའི་རྒྱན་ཡིན། །
4. རྟེན་འབྲེལ།“ངང་བ་སེར་བོ་མཚོ་ཁར་
གྲགས། ། བན་སེར་མོས་ཉོན་དང་ཆོས་སྐད་རེད། ། ཆོས་ཀུན་འགྲིག་གསུང་བའི་རྟེན་འབྲེལ་རེད། ། ཕོ་རོག་ནག་པོ་མཁར་ཁར་གྲགས། ། བུ་དཔའ་བོས་ཉོན་དང་དཔའ་སྐད་རེད། ། དཔལ་རྒྱལ་ཁ་ལོན་པའི་རྟེན་འབྲེལ་
རེད། ། ཁུ་བྱུག་སྔོན་མོ་སྡོང་ཁར་གྲགས། ། སྨན་བུ་མོས་ཉོན་དང་གནས་སྐད་རེད། ། གནས་བཟའ་ཚང་སྐྱིད་པའི་རྟེན་འབྲེལ་རེད། །”རྟེན་འབྲེལ་མགོ་ནས་འགྲིག་ན། ཕྲིན་ལས་རྗེས་སུ་འགྲུབ་ཡོང། བྱ་བ་གང་ལ་ཞུགས་ན། རེ་བ་དོན་དུ་སྨིན་དགོས།“སྤྲིན་ཕུང་དཀར་པོ་དགུང་ལ་འཕྱོ། ། སྦྲང་ཆར་འབབ་པའི་རྟེན་འབྲེལ་རེད། ། གཙང་ཆབ་སྔོན་མོ་གཤོངས་ལ་རྒྱུག ། ལོ་ཕྱུགས་ལེགས་པའི་རྟེན་འབྲེལ་རེད། ། འབྲུ་ཆང་བསིལ་མ་སྣོད་ཁ་གང་། ། རྩེ་དགའ་རོལ་བའི་རྟེན་འབྲེལ་རེད། །”གནམ་ལ་སྤྲིན་ཕུང་བོ་འཁྲིགས་ན་ཆར་འབབ། ཞིང་ལ་ཆུ་དུས་སུ་དྲངས་ན་ལོ་ཡག། མི་རྣམས་དགའ་སྟོན་དུ་འདུས་ན་ཆང་དགོས། འདི་ནི་རྟེན་འབྲེལ་དུ་བྱུང་བའི་དཔེ་ཡིན། སྟོན་པ་ཀུན་ལས་རྟེན་འབྲེལ་སྟོན་པ་མཆོག ། ཤེས་པ་ཀུན་ལས་རྟེན་འབྲེལ་ཤེས་པ་མཆོག །
5. འགྲིག་མཐུན།“ཉི་མ་ཟླ་བ་གཉིས་ཀ ། འཇིག་རྟེན་ཁམས་ཀྱི་མིག་རེད། ། གཅིག་འགྱལ་གཅིག་ཤར་བྱས་ནས། ། ཉིན་མཚན་གཉིས་ཀ་གསལ་སོང་། ། རྨ་ཆུ་འབྲི་ཆུ་གཉིས་ཀ ། རི་རྒྱུད་གཅིག་གི་སྤུན་རེད། ། ས་ཕྱོགས་གཉིས་ལ་བཞུར་ནས། ། རོང་འབྲོག་ཀུན་པོ་སྐྱིད་སོང་། ། རྒྱ་བོད་མི་རིགས་གཉིས་ཀ ། སྲིད་པ་གཅིག་གི་རྒྱུད་རེད། ། མཛའ་མཐུན་རོགས་རམ་བྱས་ནས། ། རྒྱལ་ཁབ་སྟོབས་འབྱོར་ཆེ་སོང་། །”དངོས་པོ་གྲོགས་སུ་གྱུར་ན། ། མཛེས་པའི་རྒྱན་ཞིག་ཉན་འགྲོ། ། མི་རིགས་སྤུན་དུ་བརྩིས་ན། ། སྟོབས་འབྱོར་མངའ་ཐང་རྒྱས་འགྲོ། །
“རྩིད་པ་བསྒྲིམས་པའི་ཆོན་ཐག་གིས། ། སྦྲ་ཆེན་ཕུབ་པ་འཐེན་པས་བརྟན། ། སོར་མོ་ལྔ་བཅངས་ཁུ་ཚུར་གྱིས། །
གཅན་གཟན་གཏུམ་པོ་སྟག་ཀྱང་སོད། ། བློ་རྩེ་གཅིག་པའི་གླིང་དམག་གིས། ། ཕས་རྒོལ་དཔུང་ཚོགས་རྡུལ་དུ་
བརླགས། །”མཉམ་དུ་ལོག་ན་སྟོབས་ཤུགས་ཆེ། མི་འགྲུབ་བྱ་བ་ཅི་ཡང་མེད། མང་པོོ་གཅིག་ཏུ་བློ་མཐུན་ན། ། ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ། །
6. བསླབ་བྱ།“འདོད་པའི་ནོར་དང་ཐུག་དུས་གི །
ཧམ་པ་མ་སྐྱེ་ཆོག་ཤེས་གྱིས། ། ཆོག་ཤེས་གྱིས་དང་ཕྱུག་པོ་ཡིན། ། སྡང་བའི་དགྲ་དང་ཐུག་དུས་གི ། ཞེ་སྡང་མ་སྐྱེ་བཟོད་པ་སྒོམས། ། བཟོད་པ་སྒོམས་དང་དཔའ་བོ་ཡིན། །
མཐུན་པའི་གྲོགས་དང་ཐུག་དུས་གི ། གཡོ་ཟོལ་མེད་པར་དྲང་མོ་གྱིས། ། དྲང་མོ་བྱོས་དང་མཛའ་ཡུན་
རིང་། །”ཆོག་ཤེས་བཟོད་པ་དྲང་མོ་གསུམ། ། མི་ཚེ་གཏོང་བའི་དཔལ་མགོན་ཡིན། །“ཁྲ་ཆུང་མིག་ལ་ཆ་ཞིག་འཇོག ། ཉི་མ་ཤར་བའི་གླུ་ཞིག་ལེན། ། མཐོང་རྒྱ་ཆེ་ན་ལེགས་ཉེས་གསལ། ། མགོ་ཟུར་རྣ་ལ་ཆ་ཞིག་འཇོག ། འབྲུག་སྒྲ་ལྡིར་བའི་གླུ་ཞིག་ལེན། ། ཐོས་རྒྱ་ཆེ་ན་བློ་གྲོས་རྒྱས། ། དུང་སོ་སུམ་ཅུར་ཆ་ཞིག་འཇོག ། གོ་རིམ་འགྲིག་པའི་གླུ་ཞིག་ལེན། ། བརྩོན་འགྲུས་ཆེ་ན་དོན་ཀུན་འགྲུབ། །”
མིག་རྒྱང་རིང་བ་དང་། རྣ་ཐོས་མང་བ་དང་། བརྩོན་འགྲུས་ཆེ་བ་ནི། སྐྱེས་བུ་དམ་པའི་མཚན་ཉིད་ཡིན། མིན་ཅན་ཡིན་པས་སྔུན་མཐོང་བ། མཁས་པ་ཡིན་པས་གཞུག་ཤེས་པ། སྐབས་བབ་ཀྱི་དོན་ལ་རིན་ཐང་ཆེན་པོ་འཇོག་ཐུབ།
7. བདེ་སྐྱོང་།“བླ་མ་བཟང་པོའི་སློབ་མ་སྐྱིད། །
རིག་པའི་གནས་རྣམས་བཤད་སྒྲུབ་མཁས། ། ཨ་ནེ་བཟང་པོའི་མནའ་མ་སྐྱིད། ། བྱམས་སྡང་གསལ་བས་བཟའ་ཚང་དགའ། ། དཔོན་པོ་བཟང་པོའི་ལས་སྣ་སྐྱིད། ། རྒྱུ་འབྲས་བསྲུང་བའི་སྤྱི་ཚོགས་བདེ། ། ཆུ་མགོ་གཙང་ན་ཆུ་རྒྱུན་བཟང་། ། བཟང་གསུམ་འཛོམས་ན་འཇིག་རྟེན་བདེ། །”ཞེས་དང་།“བླ་མར་དགོས་ནོ་དབོན་པོ་རེད། །
དབོན་པོར་དགོས་ནོ་ཡོན་ཏན་རེད། ། ཡོན་ཏན་ཆེ་ན་ཆོས་གྲྭ་སྐྱིད། ། ཕ་མར་དགོས་ནོ་བུ་ཕྲུག་རེད། ། བུ་ཕྲུག་དགོས་ནོ་དྲིན་གཟོ་རེད། ། དྲིན་གཟོ་ཤེས་ན་ཁྱིམ་ཚང་སྐྱིད། ། རྒྱལ་པོར་དགོས་ནོ་བློན་པོ་རེད། ། བློན་པོར་དགོས་ནོ་སྲིད་བྱུས་རེད། ། སྲིད་བྱུས་མཁས་ན་རྒྱལ་ཁམས་སྐྱིད། །”མ་རིག་འཇོམས་པའི་ཤེས་རབ་གཅིག །
བྱས་པ་དྲིན་དུ་གཟོ་བ་གཉིས། ། དཀའ་སྡུག་སེལ་བའི་ཐབས་ཤེས་གསུམ། ། སྐྱིད་ལ་བསྐུལ་བའི་དྲིན་ཆེན་ཡིན། །
8. གཉེན་གླུ།“སྒོ་གོང་མ་དམ་པའི་ཆོས་ཀྱི་
སྒོ། ། དམ་པའི་ཆོས་སྒོ་སྒྲོན་མས་འབྱེད། ། ཆོས་དགེ་བས་བསྐྱངས་ན་ཀུན་ལ་ཕན། ། སྒོ་བར་མ་འབྱོར་བ་རྒྱུ་ཡི་སྒོ། འབྱོར་བའི་རྒྱུ་སྒོ་རྩོལ་བས་འབྱེད། ། ཚེགས་བརྩོན་འགྲུས་བསྐྱེད་ན་ལོངས་སྤྱོད་འཛོམས། ། སྒོ་ཞོལ་མ་སྨུག་པོ་གཉེན་གྱི་སྒོ། ། སྨུག་པོའི་གཉེན་སྒོ་གླུ་ཡིས་འབྱེད། ། ཞེ་མཐུན་པའི་བཟའ་བ་ཚེ་གཅིག་སྐྱིད། །”
ལས་རྒྱུ་འབྲས་རྩི་བ། ཚེགས་བརྩོན་འགྲུས་ཆེ་བ། ཞེ་སྣང་བ་མཐུན་པའི་སྐྱེས་ཕོ་མོ་གཉེན་བཟའ་ཚང་བསྒྲིགས་ན། ཚེ་གང་བོར་བཀྲ་ཤིས་འཁྱིལ་
བའི་སྐྱིད་འཛོམས། ཡང་།“དྲོད་གསལ་ཆེ་བའི་ཉི་མ་གཅིག ། མཐའ་རྒྱ་ཆེ་བའི་རྒྱ་མཚོ་གཉིས། །
འདི་དག་རྟེན་ཅིང་འབྲེལ་བ་ལས། ། སྦྲང་ཆར་བབས་ནས་རྩི་ཤིང་རྒྱས། ། དགུང་ལ་བསྙེགས་པའི་གངས་
རི་གཅིག ། རྒྱ་ཁྱོན་ཆེ་བའི་སྤང་ལྗོངས་གཉིས། །
འདི་དག་རྟེན་ཅིང་འབྲེལ་བ་ལས། ། རྩྭ་ཆུ་མོད་ནས་རི་དྭགས་འཕེལ། ། ཡོན་ཏན་ལྡན་པའི་ན་གཞོན་གཅིག ། ལག་རྩལ་མཁས་པའི་བུ་མོ་གཉིས། ། འདི་དག་རྟེན་ཅིང་འབྲེལ་བ་ལས། ། གཉེན་ཡ་བསྒྲིགས་ནས་བཟའ་ཚང་སྐྱིད། །”དྲོ་གཤེར་འཛོམས་ན་རྩི་ཤིང་རྒྱས། རྩྭ་ཆུ་མོད་ན་རི་དྭགས་འཕེལ། དཔེ་དེ་བཞིན། གཉེན་ཡ་གདམ་པར་དགའ་བ་ཙམ་གྱིས་མི་ཆོག གཉེན་ཡ་མཉམ་པའི་མཐུན་རྐྱེན་ཡོད་ཐོག འཁོར་བ་བཟུང་ན། སྐྱིད་སྣང་ཤར་བའི་ཉི་མ་འགྱལ་རྒྱུ་མེད་
འགྲོའོ། །
9. དྲིན་ཤེས།“གཡུ་ལོ་བཀོད་པའི་ཞིང་ཁམས་ལ། ། རང་བྱོན་རྟ་བདུན་དབང་བོར་བསྟོད། ། ནོར་ལྡན་མཐའ་ཡས་རྒྱ་མཚོ་ལ། ། ལྷུན་ཆགས་གངས་རི་དཀར་པོར་བསྟོད། ། བཀྲ་ཤིས་འཁྱིལ་བའི་གུར་ཁང་ལ། ། བུ་ཕྲུག་བསྐྱངས་པའི་ཕ་མར་བསྟོད། །”ས་གཞི་སྔོ་བ་ཉི་མའི་དྲིན། ། རྒྱ་མཚོ་ཆེ་བ་གངས་རིའི་དྲིན། ། དཔེ་དེ་བཞིན་བུ་དང་བུ་མོས། རང་ཕ་མས་སྐུ་ཚེགས་མ་འཛེམས་པར་སྐྱེད་བསྲིང་པའི་སྐུ་དྲིན་དྲན་ཞིང་། ཟས་གོས་བཟང་བོ་དང་བཅས་པས་དྲིན་ལན་གཟོ་བ་གལ་ཆེ། ཡང།“རྟ་རྐྱང་རྒོད་བཞོན་ནས་ལྕག་གིས་བྲབ། ། དེ་སྐུ་དྲིན་ཆེ་ནོ་མ་ཤེས་ཐལ། ། ལམ་སྐྱ་རིང་རྐང་ཐང་སོང་བ་དང་། ། རྟ་རྐྱང་རྒོད་སྐུ་དྲིན་ཡང་ཡང་དྲན། ། འབྲི་ཟལ་མོའི་འོ་མས་དཀར་ཟས་བྱས། ། དེ་སྐུ་དྲིན་ཆེ་ནོ་མ་ཤེས་ཐལ། ། ཆུ་ནག་རྩམ་པ་ཟོས་པ་དང་། ། འབྲི་ཟལ་མོའི་སྐུ་དྲིན་ཡང་ཡང་དྲན། ། དྲིན་ཕ་མས་བསྐྱངས་ནས་རང་རྐྱ་འཕེར། ། དེ་སྐུ་དྲིན་ཆེ་ནོ་མ་ཤེས་ཐལ། ། རང་འཁོར་བ་བཟུང་ནས་བུ་ཕྲུག་གསོས། ། དྲིན་ཕ་མའི་སྐུ་དྲིན་ཡང་ཡང་དྲན། །”མ་མྱངས་པ་ལ་ངེས་ཆ་མེད། ། སྡུག་རེ་དག་ན་ཧ་རེ་གོ། ཕ་མའི་སྐུ་དྲིན་ཤེས་དུས་གི ། མྱུར་དུ་འཇལ་ན་བུ་གོ་ཆོད། །
10. ཤགས། “གཡག་ཤད་བརྡུང་ལ་དགའ་ལེ་བོ། །
ཡུ་བོ་ཡིན་ན་སེམས་ཆུང་བྱོས། ། རུ་ཐུར་ཅན་གྱིས་ཕམ་པ་མང་། ། ཐོར་བུ་བརྒྱུག་ལ་དགའ་ལེ་བོ། ། བང་རྩལ་ཞན་ན་སེམས་ཆུང་བྱོས། ། སྐྱ་རིང་ལམ་དུ་ཆད་པ་མང་། ། གླུ་པ་ཤགས་ལ་དགའ་ལེ་བོ། ། མགུར་འབུམ་མེད་ན་སེམས་ཆུང་བྱོས། ། ཁྲོམ་པའི་གྲལ་ནས་ལྐུགས་པ་མང་། །”ཤགས་བླངས་ན་ང་རྒྱལ་སྐྱེ་བ་སླ། ། ཁ་མཁས་ཤིང་བློ་རྩལ་མཉམ་ཐོན་དགོས། ། སེང་གེ་འགྱིང་ཉམས་ཆེ་ན་ཡང་། ། རི་བོང་རིག་འོག་ཤོར་རབས་ཡོད། །
ཡང་དཔེར་ན།“བྱ་གཤོག་པ་ཅན་ལ་ནམ་མཁའ་བདེ། ། རླུང་སྔུན་ནས་གཡུག་ན་ཇེ་བདེ་ཡིན། ། རྟ་གོམ་ལེགས་ཅན་ལ་ས་གཞི་བདེ། ། ས་འབར་འབུར་ཡོད་ན་ཇེ་བདེ་ཡིན། ། ང་ཁ་ཐུལ་གླུ་པ་ཁྲོམ་ལ་བདེ། ། གླུ་ཤགས་ལ་སོང་ན་ཇེ་བདེ་ཡིན། །”གླུ་པ་མི་འདྲ་བ་ཞིག་ཡིན་ན། ཤགས་ལེན་པར་དགའ་སྟེ། ཉན་མཁན་རྣམས་སྐྱིད་ལ་བསྐུལ་བ་དང་ཤེས་རྒྱ་བསྐྱེད་པའི་ཕན་ཡོད་པའི་ཕྱིར།
11. དྲི་བ་དྲིས་ལན།“དྲི་བ། སྲིད་པའི་རང་འཐག་བརྩེགས་མ་འདི། ། ལག་སྐོར་ཡིན་ནམ་ཕྱུགས་སྐོར་ཡིན། ། ངས་མ་ཤེས་གླུ་པར་དྲིས་ལེ་ཡིན། ། སྲིད་པའི་རང་འཐག་བརྩེགས་མ་འདི། ། ཆུ་སྐོར་ཡིན་ནམ་རླུང་སྐོར་ཡིན། ། ངས་མ་ཤེས་གླུ་པར་དྲིས་ལེ་ཡིན། ། སྲིད་པའི་རང་འཐག་བརྩེགས་མ་འདི། ། ཡས་རྡོ་འཁོར་རམ་མས་རྡོ་འཁོར། ། ངས་མ་ཤེས་གླུ་པར་དྲིས་ལེ་ཡིན། །
དྲིས་ལན། སྲིད་པའི་རང་འཐག་བརྩེགས་མ་འདི། །
རྩམ་པ་འཐགས་ན་ལག་སྐོར་ཡིན། ། གྲོ་ནས་འཐགས་ན་ཕྱུགས་སྐོར་ཡིན། ། སྲིད་པའི་རང་འཐག་བརྩེགས་མ་
འདི། ། གཙང་པོའི་འགྲམ་ན་ཆུ་འཁོར་ཡིན། ། ཐང་མདོའི་སྦྲ་ནང་རླུང་འཁོར་ཡིན། ། སྲིད་པའི་རང་འཐག་བརྩེགས་མ་འདི། ། ལག་སྐོར་ཕྱུགས་སྐོར་ཡས་རྡོ་འཁོར། ། ཆུ་སྐོར་རླུང་སྐོར་མས་རྡོ་འཁོར། །”
འདྲི་མཁན་གྱིས་རོང་ཕྱོགས་ཀྱི་གནས་ཚུལ་ལ་ཐོགས་པ་མེད་པ་ཤེས་ནས་འབྲོག་ཕྱོགས་ལ་ཁ་སྐོར།
ཡང་དཔེར་ན།“དྲི་བ། སྲིད་པས་བ་ཆུང་བཤས་པ་དང་། ། བ་ཁྲག་ཅུང་ཙམ་བོར་ལེ་བོ། ། དེ་བརྐུས་པའི་རྐུན་མ་སུ་ཡིན་ཤོད། ། སྲིད་པས་བ་ཆུང་བཤས་པ་དང་། ། བ་ཤ་ཅུང་ཙམ་བོར་ལེ་བོ། ། དེ་བརྐུས་པའི་རྐུན་མ་སུ་ཡིན་ཤོད། ། སྲིད་པས་བ་ཆུང་བཤས་པ་དང་། ། བ་ཚིལ་ཅུང་ཙམ་བོར་ལེ་བོ། ། དེ་བརྐུས་པའི་རྐུན་མ་སུ་ཡིན་ཤོད། །
དྲིས་ལན། སྲིད་པས་བ་ཆུང་བཤས་པ་དང་། ། བ་ཁྲག་ཅུང་ཙམ་བོར་ལེ་བོ། ། དེ་བརྐུས་པའི་རྐུན་མ་སྐྱུང་ཀ་རེད། ། སྦས་མ་ཤེས་སྐྱུང་ཀའི་མཆུ་ལ་ལྟོས། ། སྲིད་པས་བ་ཆུང་བཤས་པ་དང། ། བ་ཤ་ཅུང་ཙམ་བོར་ལེ་བོ། ། དེ་བརྐུས་པའི་རྐུན་མ་བྱ་ཕོ་རེད། ། སྦས་མ་ཤེས་བྱ་ཕོའི་མགོ་ལ་ལྟོས། ། སྲིད་པས་བ་ཆུང་བཤས་པ་དང་། ། བ་ཚིལ་ཅུང་ཙམ་བོར་ལེ་བོ། ། དེ་བརྐུས་པའི་རྐུན་མ་སྐྱ་ཀ་རེད། ། སྦས་མ་ཤེས་སྐྱ་ཀའི་བྲང་ལ་ལྟོས། །”
དྲི་བ་དྲིས་ལན་ལས། གླུ་ཐུང་ངུ་རང་འཐག་བསྐོར་བ་ལྟ་བུ། གླུ་རིང་བོ་སྲིད་པ་ཆགས་གླུ་ལྟ་བུ་ཧ་ཅང་མང་། དེ་རྣམས་ལས་དོན་དམ་པ་ངེས་ཤེས་འདྲེན་པ་དང་། འདྲ་ཆགས་པ་བཞད་གད་བསླང་བ་སྣ་ཚོགས་ཡོད་དོ། །
12. བར་འདུམ།“ནགས་རྒྱ་རྫོང་ཞིག་གི་ཁུ་བྱུག་གཉིས། ། དབྱངས་འགུགས་པ་སུ་སྙན་འགྲན་རེས་བྱེད། །
སྐད་གྲགས་པ་པི་ཝང་བདུང་བ་འདྲ། ། ང་ཉན་མཁན་རྣམ་པའི་རྣ་དབང་འཕྲོག ། ཇ་གཡང་དམར་དྲངས་ནས་ངལ་ཞིག་གསོས། ། ལམ་སྐྱ་རིང་ཞིག་གི་མདོ་བ་གཉིས། །
འགྲོས་གོམ་པ་སུ་མགྱོགས་རྒྱུག་རེས་བྱེད། ། འགྲོས་མགྱོགས་པ་བྱ་རྒོད་འཕུར་བ་འདྲ། ། ང་ལྟ་མཁན་རྣམ་པའི་མིག་དབང་འཕྲོག ། ཆང་བདུད་རྩི་བཞེས་ལ་ངལ་ཞིག་གསོས། ། སྦྲ་གྲུ་བཞི་ནང་གི་གླུ་བ་གཉིས། ། གླུ་བླངས་པ་སུ་མཚར་འགྲན་རེས་བྱེད། ། གླུ་ཁ་མཚར་དམ་ཆོས་གསུང་བ་འདྲ། ། ང་ཉན་མཁན་རྣམ་པའི་ཡིད་དབང་འཕྲོག ། ཟས་མཆུ་འབིགས(མོག་ཐུག)བཞེས་ལ་ངལ་ཞིག་གསོས། །”
ཤགས་བླངས་ནས་འགོར་ཡང་། ངར་ལངས་ནས་མཚམས་མི་འཇོག དེ་ནས་གླུ་པ་དག་ལ་བསྟོད་ཅིང་བར་འདུམ་ཞུས་ནས། ཇ་ཆང་ཟས་སྣ་བཞེས་ཤིང་ངལ་གསོས།
13. བཀྲ་ཤིས།“བཀྲ་ཤིས་འཇོག་ན་བཀྲ་ཤིས་འཇོག ། བཀྲ་ཤིས་ཨ་སྔོན་གནམ་ལ་འཇོག ། སྦྲང་ཆར་དུས་སུ་འབབ་པར་ཤོག ། བཀྲ་ཤིས་འཇོག་ན་བཀྲ་ཤིས་འཇོག ། བཀྲ་ཤིས་དོག་མོ་ས་ལ་འཇོག ། འཚོ་རྟེན་ལོ་ཕྱུགས་ལེགས་པར་ཤོག ། བཀྲ་ཤིས་འཇོག་ན་བཀྲ་ཤིས་འཇོག ། བཀྲ་ཤིས་ཡ་རབས་ཚང་ལ་འཇོག ། འཚོ་བ་བདེ་སྐྱིད་འཛོམ་པར་ཤོག །”
སྐྱིད་འདོད་དོན་དུ་སྨིན་པའི་སྨོན་ལམ་འདེབས་པ། དཔེར་ན།“རྒྱལ་ཁབ་སྟོབས་འབྱོར་ཆེ་བ་ལ། ། སྲིད་སྐྱོང་མཁས་པའི་བཀྲ་ཤིས་ཤོག ། སྤྱི་ཚོགས་འགྲིག་མཐུན་ལྡན་པ་ལ། ། ལས་རིགས་རྒྱས་པའི་བཀྲ་ཤིས་
ཤོག ། ཁྱིམ་ཚང་བདེ་སྐྱིད་འཛོམ་པ་ལ། ། མི་ཆོས་གཙང་བའི་བཀྲ་ཤིས་ཤོག །”
འགྲིག་འགྲིག་ཐམས་ཅད་དང་དུ་བླངས་ན། ལེགས་ལེགས་མ་ལུས་ཤུགས་ལ་འབྱུང་བའི་བཀྲ་ཤིས་སྨོན་པའོ། །
མདོར་བསྡུས་ནས་བཤད་ན། བོད་སྒང་བའི་གླུ་ནི། བློ་རིག་པའི་རྩལ་གྱི་ཉིང་ཁུ་ཡིན། ལས་དགེ་བ་སྐྱེད་པའི་བསླབ་བྱ་ཡིན། དེའི་ངག་གི་རོལ་མོ་ནི། དགའ་སྣང་སྐྱེད་པའི་ཞེན་སྟོབས་དང་། ངར་ཤུགས་སློང་བའི་དམག་དུང་ཡིན། གླུ་ཡི་ཚིགས་བཅད་ནི། ཤེས་རབ་སྐྱེད་པའི་དཔལ་འབར་དང་། སེམས་རྒྱུད་གསོ་བའི་སྨན་མཆོག་ཡིན། །
① ནུབ་བྱང་མི་རིགས་སློབ་ཆེན་དུ་ལས་འཁྱུར་ངལ་གསོ་བྱས་ཡོད།