མཐོ་རྒྱུགས་སྐད་ཡིག་རྒྱུགས་ཡིག་སྒྲིག་སྟངས་ ཐད་ཀྱི་བསམ་འཆར་འགའ།

བསོད་ནམས་སྐྱིད། ① ཚེ་འབར། ② རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29


[གནད་བཏུས] དཔྱད་རྩོམ་འདིར་མཐོ་རྒྱུགས་ཀྱི་སྐད་ཡིག་རྒྱུགས་ཡིག་གི་སྒྲིག་སྟངས་ཐད་ལ་རྩོམ་པ་པོས་ཕྱོགས་ཡོངས་ནས་རང་གི་ལྟ་ཚུལ་བརྗོད་ཡོད་པ་སྟེ། རྒྱུགས་ཡིག་སྒྲིག་པར། 2003ལོར་རྒྱལ་ཁབ་སློབ་གསོ་པུའུས་གཏན་ཁེལ་བྱས་པའི“རྨང་གཞིའི་ཤེས་བྱ་དང་རྩ་བའི་ནུས་པ”ལ་བརྟག་དགོས་པ་རྩ་དོན་དུ་བཟུང་སྟེ། མིང་ཚིག་ཡི་གེའི་དག་ཆ་དང་དོན་གྱི་གོ་བ། ཡི་གེ་བཀོལ་སྤྱོད་ཀྱི་ནུས་པ་ལ་བརྟག་པ་རྩ་བར་འཛིན་དགོས་པ་དང་། འདྲི་ཚིག་འདོན་སྟངས་ཐད་ལ་དོན་དངོས་དང་མཐུན་པའི་བསམ་འཆར་བཏོན་ཡོད།
[གནད་ཚིག] མཐོ་རྒྱུགས། སྐད་ཡིག རྒྱུགས་ཡིག བསླབ་ཚན་ཚད་གཞི།
1977ལོར་མཐོ་རིམ་སློབ་གྲྭར་རྒྱུགས་སྤྲོད་པའི་ལམ་ལུགས་སླར་གསོ་བྱས་རྗེས། ད་གཟོད་བོད་ཀྱི་སྐད་ཡིག་ལ་རྒྱ་ཆེ་ཞིང་ཚད་མཐོ་ལ། གཅིག་གྱུར་གྱི་རྒྱུགས་ལེན་པའི་ལམ་ལུགས་ཡོད་པར་གྱུར་པ་དང་། རྒྱུགས་དེ་ལེན་མགོ་ཚུགས་ནས་ལོ་ངོ་ཉི་ཤུ་ལྷག་འདས་པའི་རིང་ལ་རིམ་བཞིན་རྒྱུགས་ཀྱི་ནང་དོན་ཅུང་འཐུས་ཚང་དང་། དྲི་བ་འདོན་སྟངས་ཅུང་སྣ་མང་ཅན་དུ་གྱུར་ཡོད། ཡིན་ནའང་། སྐད་ཡིག་རིག་ཚན་གྱི་ཁྱད་ཆོས་བླ་ལྷག་ཏུ་མཚོན་པའི་རྒྱུགས་སྒྲིག་སྟངས་ཤིག་བྱུང་ཐུབ་མེད་དེ། འདྲི་ཚིག་གི་མང་ཉུང་འོས་འཚམས་དང་། འདྲི་ཚིག་གོ་ཆོད་དང་ཚད་ལྡན་ཡིན་ཞིང་། སྐད་ཡིག་སློབ་ཁྲིད་ལ་ཕྱོགས་སྟོན་གྱི་ནུས་པ་ཐོན་པའི་ཚད་ལྡན་གྱི་རྒྱུགས་ཡིག་སྒྲིག་སྟངས་ཤིག་བྱུང་ཐུབ་མེད། 2000ལོའི་རྗེས་སུ་ད་གཟོད་སློབ་འབྲིང་གི་སྐད་ཡིག་སློབ་གསོར་དོ་སྣང་བྱེད་མཁན་རྣམས་ཀྱིས་སྔོན་གྱི་མིང་ཚིག་འགྲེལ་བཤད་དང། སྐད་ཡིག་གམ་རིག་གནས་ལོ་རྒྱུས་ཀྱི་ཤེས་བྱ་ཁོ་ན་ལ་དྲིས་ལན་འདེབས་པའི་རྒྱུགས་ལེན་སྟངས་དེའི་སྐྱོན་དང་མི་འདང་ས་ཤེས་ནས། མཐོ་རྒྱུགས་ལ་སྐད་ཡིག་གི་རྒྱུགས་ཅི་ཞིག་ལེན་དགོས་པ་དང་། རྒྱུགས་ཇི་ལྟར་སྒྲིག་དགོས་པ། དེས་སྐད་ཡིག་སློབ་གསོར་སྐུལ་འདེད་ཀྱི་ནུས་པ་ཅི་འདྲ་ཐོན་དགོས་པ་བཅས་ལ་གླེང་མོལ་བྱེད་མགོ་བརྩམས།
1977ལོ་ནས2002ལོའི་བར་གྱི་སྐད་ཡིག་གི་རྒྱུགས་ལ་བལྟས་ན། རྒྱུགས་ཡིག་སྒྲིག་སྟངས་ལ་གཅིག་གྱུར་བྱུང་མེད་དེ། འདྲི་ཚིག་འདོན་ཐབས་དང་། སྐད་ཡིག་གི་ཡོན་ཚད་དང་རིག་གནས་ཀྱི་ཆུ་ཚད་ཅི་འདྲ་ཞིག་ཏུ་སླེབ་དགོས་པ་སོགས་ཀྱི་ཐད་ལ་འཐུས་ཚང་ཞིང་ཚད་ལྡན་གྱི་མ་དཔེ་ཞིག་བྱུང་མེད། དགེ་རྒན་སུ་ཞིག་གིས་རྒྱུགས་ཡིག་བསྒྲིགས་ན། མི་རང་རང་གི་འདོད་པ་ལྟར་རྒྱུགས་ཡིག་བསྒྲིགས་ཡོད་ཅིང་། རྒྱུགས་ཡིག་དེ་དག་ནི2002ལོའི་བར་དུ་ང་ཚོས་རྒྱུགས་ཡིག་གི་དཔེ་བལྟ་སར་གྱུར་ཡོད།
སྔོན་ཆད་ཀྱི་རྒྱུགས་ཀྱི་ནང་དོན་གཙོ་བོ་མིང་དང་ཡི་གེ་དང་། མངོན་བརྗོད་ལ་འགྲེལ་བཤད་བྱེད་པ། ལོ་རྒྱུས་རྒྱུན་ཤེས། རྩོམ་རིག་དང་རིག་གནས་ཀྱི་རྒྱུན་ཤེས་ཏེ། རྩོམ་པ་པོའི་ལོ་རྒྱུས་དང་ལོ་ཚིགས་དང་བརྩམས་ཆོས་ཀྱི་མིང་འབྲི་བ་དང་། ཡི་གེ་དང་སུམ་རྟགས་ཀྱི་ནང་གསེས་དབྱེ་བའི་སྒྲ་བཤད་བློར་འབྲི་བ་དང་། སྙན་ངག་གི་རྒྱན་སོ་སོའི་མཚན་ཉིད་བློར་འབྲི་བ། ཡི་གེ་དང་བརྡ་སྤྲོད་སྐོར་གྱི་གནད་དོན་ལ་ལན་འདེབས་པ་སོགས་ཡིན། དེ་ལས་མིང་དང་ཡི་གེ་དང་། མངོན་བརྗོད་ལ་འགྲེལ་བཤད་བྱེད་པ་ཁོ་ན་མ་གཏོགས་ཡི་གེའི་བཀོལ་སྤྱོད་དང་ལག་ལེན་ཐད་ཀྱི་འདྲི་ཚིག་གཅིག་ཀྱང་མེད། འདྲི་ཚིག་མང་ཆེ་བ་ནི་ལག་ལེན་དང་འབྲེལ་བ་མེད་པའི་གཞུང་ལུགས་དང་ཤེས་བྱ་སྐམ་པོ་ཙམ་ཡིན་ནོ། ། ཡང་མིང་དང་ཡི་གེ་དང་མངོན་བརྗོད་ལ་འགྲེལ་བཤད་བྱེད་པར་མཚོན་ན། འགྲེལ་བཤད་བྱེད་པར་བཀོད་པའི་མིང་དང་ཡི་གེ་དང་མངོན་བརྗོད་དུ་རྒྱུན་བཀོལ་མིན་པའི་བརྡ་རྙིང་དང་མངོན་བརྗོད་མང་པོ་ཡོད་པ་ནི། སློབ་འབྲིང་སློབ་མ་ཕར་ཞོག མཁས་པ་ཚོས་ཀྱང་དག་ཡིག་ཏུ་མ་བཙལ་ན་དོན་མི་གོ་བ་དང་མཐོང་མ་མྱོང་བའང་ཡོད་པ་རེད།
ཡང་རྒྱུགས་ཀྱི་འདྲི་ཚིག་གི་མང་ཉུང་གི་ཆ་ནས་བཤད་ན། འདྲི་ཚིག་ཉུང་བ་དང་། དྲི་བ་རེས་སྐར་མ་བཟུང་བ་མང་བ་རེད། སྔོན་ཆད་ཀྱི་རྒྱུགས་ཀྱི་སྐར་མ100ཡིན་ཞིང་། དེ་ལས་མིང་ཚིག་འགྲེལ་བཤད་ལ་སྐར་མ20-30དང་། དྲིས་ལན་འདེབས་པ་ལ་སྐར་མ20-30ཡིན། (ནང་གསེས་ཀྱི་དྲི་བ་རེར་སྐར་མ5-10ཡིན) རྩོམ་ཡིག་ལ་སྐར་མ20ཡིན། འདྲི་ཚིག་གཞན་པའི་ཆ་སྙོམས་སྐར་མ5-8ཡིན། དེ་ལྟར་འདྲི་ཚིག་ཉུང་བ་དང། དྲི་བ་རེས་སྐར་མ་བཟུང་བ་མང་བའི་རྐྱེན་གྱིས། གལ་ཏེ་དྲི་བ་གཅིག་ལ་ལན་འདེབས་མ་ཤེས་ཚེ། སྐར་མ5-8ཤོར་འགྲོ་བ་རེད། དེའི་ཕྱིར། ངེས་པར་དུ་འདྲི་ཚིག་ཇེ་མང་དུ་བཏང་སྟེ་སྐད་ཡིག་ཤེས་བྱའི་ཕྱོགས་ཀུན་ལ་ཁྱབ་པར་བྱེད་དགོས་པ་དང་། དྲི་བ་རེས་སྐར་མ་ཟིན་ཚད་ཇེ་ཉུང་དུ་གཏོང་དགོས་བྱུང།
2003ལོ་ནས2008ལོའི་བར་དུ་མཚོ་སྔོན་མི་རིགས་སློབ་གཞི་རྩོམ་སྒྱུར་ཁང་གིས་མཐོ་རྒྱུགས་ཀྱི་སྐད་ཡིག་གི་རྒྱུགས་ཡིག་བསྒྲིགས། ཁོ་ཚོས་སྐད་ཡིག་གི་རྒྱུགས་སྒྲིག་སྟངས་དང་འདྲི་ཚིག་འདོན་ཐབས་ལ་འཚོལ་ཞིབ་དང་ཞིབ་འཇུག་བྱས་ཏེ། སྐད་ཡིག་གི་རྨང་གཞིའི་ཤེས་བྱ་དང་ཡི་གེའི་དག་ཆ། དོན་གྱི་གོ་བ་གཙོ་བོར་བཟུང་ནས་རྒྱུགས་ཡིག་བསྒྲིགས་ཡོད་ཅིང་། ཅུང་ཚད་ལྡན་གྱི་རིགས་ལམ་ཞིག་ཆགས་ཡོད་པས། དེར་སློབ་འབྲིང་གི་དགེ་རྒན་རྣམས་དང་སློབ་ཆེན་གྱི་དགེ་རྒན་མང་པོ་ཞིག་གིས་ཁས་ལེན་ཐོབ་ཡོད།
རྒྱུགས་ཡིག་བསྒྲིགས་པ་ཚད་ལྡན་ཡིན་ན། དགེ་རྒན་གྱི་སློབ་ཁྲིད་ལ་མཛུབ་སྟོན་གྱི་ནུས་པ་ཐོན་ཐུབ་ཅིང། དགེ་རྒན་ཞིག་གིས་ལོ་དུ་མའི་རིང་ལ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་སྒོས་འབད་བརྩོན་གྱིས་སློབ་ཁྲིད་བྱས་པའི་བྱ་བར་གདེང་འཇོག་ཡང་དག་པ་ཞིག་ཐོབ་ཐུབ། དེའི་ཕྱིར། རྒྱུགས་ཡིག་སྒྲིག་སྟངས་ནི་ཚང་མས་ཤེས་དགོས་པ་ཞིག་རེད།
དེས་ན་རྒྱུགས་ཡིག་སྒྲིག་མཁན་ཞིག་ཡིན་ཕྱིན། ཐོག་མར《སྐད་ཡིག་བསླབ་ཚན་ཚད་གཞི》དང་སློབ་དེབ་ཆ་ཚང་ལ་ཞིབ་འཇུག་ཡོད་པ་ཞིག་ཡིན་དགོས་ལ། ནན་ཏན་གྱི་སྒོ་ནས་འདྲི་ཚིག་བཏོན་ཏེ་ཡང་ཡང་ཞུན་བརྡར་བྱེད་དགོས་པར་མ་ཟད། འདྲི་ཚིག་གི་མང་ཉུང་ཚད་དང་རན་པ་ཞིག་བྱེད་དགོས། མཐོ་འབྲིང་གི་རྒྱུགས་ཡིག་ལ་ཤོག་ངོས8ནས10ཡོད་དགོས། དེའི་མན་ཡིན་ན་འདྲི་ཚིག་ཉུང་སོང་བ་རེད། གལ་ཏེ་འདྲི་ཚིག་ཉུང་སོང་ན་སློབ་དེབ་ནང་གི་ཤེས་བྱ་ཐམས་ཅད་འདྲི་ཚིག་ཏུ་བསྡུ་མི་ཐུབ། འདྲི་ཚིག་མང་ན་ཁེབས་རྒྱ་ཆེ་བས། དགེ་རྒན་གྱིས་ཤེས་བྱ་གང་དག་སློབ་མར་ཁྲིད་ཡོད་པ་དང་། གང་དག་ཁྲིད་མེད་པ། སློབ་མས་ཤེས་བྱ་གང་དག་ཁོང་དུ་ཆུད་ཡོད་པ་དང་། གང་དག་རྟོགས་མེད་པ་ལ་ཞིབ་བཤེར་བྱེད་ཐུབ། དེ་བས་འདྲི་ཚིག་མང་དུ་བཏོན་ཏེ། སློབ་དེབ་ནང་གི་ཤེས་བྱ་ཐམས་ཅད་ལ་ཁྱབ་ཏུ་འཇུག་རྒྱུ་གལ་ཆེ། འདྲི་ཚིག་མང་པོ་བཀླགས་ནས་ཚར་རྒྱུ་དེའང་སློབ་མའི་ལྟ་ཀློག་གི་ནུས་པ་དང་གོ་བ་ལེན་པའི་ནུས་པ་འཇལ་བའི་རྒྱུགས་ཤིག་ཡིན་པས་ན། འདྲི་ཚིག་ཉུང་ཉུང་ཞིག་གིས་སློབ་མའི་ལྟ་ཀློག་གི་ཆུ་ཚད་ཅི་འདྲ་ཡིན་པ་ཤེས་མི་ཐུབ། འདྲི་ཚིག་མང་པོ་མགོ་ནས་མཇུག་བར་ཐེངས་གཅིག་བཀླགས་ཚར་དུས། དོན་དངོས་སུ་ལྟ་ཀློག་གི་རྒྱུགས་ཤིག་ཀྱང་བླངས་ཡོད་པས་རེད།
དང་པོ། རྒྱུགས་ཀྱི་ནང་དོན་སྐོར།
2003ལོར། རྒྱལ་ཁབ་སློབ་གསོ་པུའུས་མཐོ་རྒྱུགས་སྒྲིག་སྟངས་ལ་བཅོས་སྒྱུར་བྱས་ཏེ།“རྨང་གཞིའི་ཤེས་བྱ་དང་རྩ་བའི་ནུས་པ”ལ་བརྟག་དགོས་པ་གཏན་ཁེལ་བྱས་པ་དང་། 2005ལོར་འགྲེམ་བསྒྲགས་བྱས་པའི་ལོ་དགུའི་འོས་འགན་སློབ་གསོའི《སྐད་ཡིག་བསླབ་ཚན་ཚད་གཞི》དང་། 2008ལོར་འགྲེམ་བསྒྲགས་བྱས་པའི་མཐོ་འབྲིང་གི《སྐད་ཡིག་བསླབ་ཚན་ཚད་གཞི》གཉིས་ཀྱི་བྱེ་བྲག་གི་ནང་དོན་གཞིར་བཟུང་ན། མཐོ་རྒྱུགས་སྐད་ཡིག་གི་རྒྱུགས་ཡིག་བསྒྲིགས་པར་གཤམ་གྱི་གནད་དག་གཙོ་བོར་འཛིན་དགོས།
1. ཡི་གེའི་དག་ཆ་ལ་བརྟག་པ། ཡི་གེའི་དག་ཆ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན། ཡི་གེའི་དག་ཆ་ཡོད་མེད་དེ་མི་ཞིག་གི་སྐད་ཡིག་ཆུ་ཚད་བཟང་མིན་གྱི་རྩ་བ་ཡིན་པས། མིང་དང་ཡི་གེ། རྒྱུགས་ཆེ་བའི་བརྡ་རྙིང་། རྒྱུན་བཀོལ་གྱི་མངོན་བརྗོད། དཔེ་ཆོས་དང་ཚིག་གི་དག་ཆ་ལ་བརྟག་པ་བཀོད་སྒྲིག་བྱེད་དགོས།
2. མིང་ཚིག་ཡི་གེའི་དོན་གྱི་གོ་བར་བརྟག་པ། མིང་ཚིག་ཡི་གེའི་ནང་དོན་གོ་མིན་དེ་ནི་མི་ཞིག་གི་སྐད་ཡིག་ཆུ་ཚད་བཟང་མིན་གྱི་རྩ་བ་ཡིན་པས། མིང་དང་ཡི་གེ། རྒྱུགས་ཆེ་བའི་བརྡ་རྙིང་། རྒྱུན་བཀོལ་གྱི་མངོན་བརྗོད། དཔེ་ཆོས་དང་ཚིག་གི་ནང་དོན་གོ་མིན་ལ་བརྟག་པ་བཀོད་སྒྲིག་བྱེད་དགོས།
3. ཡི་གེ་བཀོལ་སྤྱོད་ཀྱི་ནུས་པར་བརྟག་པ། མིང་དང་ཡི་གེ་བཀོལ་ནས་དོན་མཚོན་ཐུབ་མིན་ནི་སྐད་ཡིག་གི་རྩ་བའི་ནུས་པ་ཞིག་ཡིན་པས་ན། མིང་དང་ཡི་གེ་བཀོལ་ནས་དོན་མཚོན་སྟངས་ལ་བརྟག་པ་ནི་རྒྱུགས་ཀྱི་ནང་དོན་གཙོ་བོ་ཞིག་ཏུ་བྱེད་དགོས།
4. བརྡ་སྤྲོད་ཀྱི་ཤེས་བྱ་ཁོང་དུ་ཆུད་ཚད་དང་བཀོལ་སྤྱོད་ཀྱི་ནུས་པར་བརྟག་པ། སྐད་ཡིག་ལ་མཚོན་ན། བརྡ་སྤྲོད་སུམ་ཅུ་པ་དང་རྟགས་འཇུག་གི་ཤེས་བྱ་དང། ཕྲད་དང་རྣམ་དབྱེ། དུས་གསུམ། བྱ་བྱེད་ལས་གསུམ་སོགས་ནི་སྐད་ཡིག་གི་རྩ་བའི་ཤེས་བྱ་དང་སྐད་ཡིག་བཀོལ་སྤྱོད་ཀྱི་རྩ་བའི་ནུས་པ་ཡིན་པས་ན། དེ་ནི་རྒྱུགས་ཀྱི་ནང་དོན་གཙོ་བོ་ཞིག་ཏུ་བྱེད་དགོས།
5. ཚིག་རྒྱན་རིག་པའི་ཤེས་བྱ་ཁོང་དུ་ཆུད་ཚད་དང་བཀོལ་སྤྱོད་ཀྱི་ནུས་པར་བརྟག་པ། སྙན་ངག་གི་དཔེ་དཔེ་ཅན་དང་མཚུངས་པ་གསལ་བྱེད་ཀྱི་སྒྲ་ངོས་འཛིན་པ་དང་། མཚུངས་ཆོས་དང་དོན་མཚོན་སྟངས། ཚིག་གི་ཉམས་ལ་དབྱེ་ཞིབ་བྱེད་པའི་ནུས་པ་དང་། བརྗོད་བྱའི་དོན་གྱི་གོ་བ་ལེན་པའི་ནུས་པ་ལ་བརྟག་པ་དང་། ཚིགས་བཅད་སྙན་ངག་འབྲི་བའི་ནུས་པ་ལ་བརྟག་པ་དེ་རྒྱུགས་ཀྱི་ནང་དོན་གཙོ་བོ་ཞིག་ཏུ་བྱེད་དགོས།
6. ཚད་མ་རིག་པའི་ཤེས་བྱ་ཁོང་དུ་ཆུད་ཚད་ལ་བརྟག་པ། མཐོ་འབྲིང་གི་སློབ་དེབ་ཏུ་བཀོད་པའི་སློབ་ཚན་ཏེ། ཤེས་བྱའི་རྣམ་གྲངས་དང་། མཚན་ཉིད་དང་མཚོན་བྱ། སྤྱི་དང་བྱེ་བྲག རྒྱུ་དང་འབྲས་བུ། འགལ་བ་དང་འབྲེལ་བ་བཤད་པ་སོགས་ཀྱི་མཚན་ཉིད་དང་སྒྲ་བཤད། དབྱེ་བ། རྣམ་གྲངས། དོན་སོགས་ཁོང་དུ་ཆུད་ཚད་ལ་བརྟག་པ་དེ་རྒྱུགས་ཀྱི་ནང་དོན་གཙོ་བོ་ཞིག་ཏུ་བྱེད་དགོས།
7. བློར་འཛིན་དགོས་པའི་ཤེས་བྱ་དང་སློབ་ཚན་བློར་བཟུང་ཚད་ལ་བརྟག་པ་སྟེ། ལོ་དགུའི་འོས་འགན་སློབ་གསོའི《སྐད་ཡིག་བསླབ་ཚན་ཚད་གཞི》དང་། མཐོ་འབྲིང་གི《སྐད་ཡིག་བསླབ་ཚན་ཚད་གཞི》གཉིས་ཀྱི་ནང་དུ་སྐད་ཡིག་ཤེས་བྱ་དང་ལེགས་རྩོམ་མང་པོ་བློར་འཛིན་དགོས་པ་གཏན་ཁེལ་བྱས་ཡོད་པ་ལྟར། ལོ་རིམ་སོ་སོའི་སློབ་དེབ་ཏུ་རྩ་ཚིག ཡི་གེའི་རྣམ་གཞག་མཚན་ཉིད། འགྲེལ་བཤད། ལོ་རྒྱུས། ལོ་ཚིགས། སྙན་ངག ལེགས་བཤད། ལྷུག་རྩོམ་སོགས་བློར་འཛིན་པ་བཀོད་སྒྲིག་བྱས་ཡོད་པ་དེ་དག་བློར་ཟིན་མེད་ལ་བརྟག་པ་དེ་རྒྱུགས་ཀྱི་ནང་དོན་གཙོ་བོ་ཞིག་ཏུ་བྱེད་དགོས།
8. སློབ་ཚན་ནང་གི་ཤེས་བྱ་རྟོགས་ཚད་ལ་བརྟག་པ། སྤྱིར་སློབ་ཚན་ལ་ཤེས་བྱ་འཆད་པའི་སློབ་ཚན་དང། ལྟ་བ་བརྗོད་པའི་སློབ་ཚན། རྩོམ་རིག་རང་བཞིན་གྱི་སློབ་ཚན་སོགས་རིགས་མི་གཅིག་པ་མང་པོ་ཡོད། ང་ཚོས་སློབ་ཁྲིད་ཀྱི་སྐབས་སུ་རྩོམ་རིག་རང་བཞིན་གྱི་སློབ་ཚན་ཡིན་ན་རྩོམ་སྟངས་གཙོ་བོར་བཟུང་ནས་ཁྲིད་དགོས་ལ། ཤེས་བྱ་གཙོ་བོར་བཟུང་བའི་སློབ་ཚན་ཡིན་ན་ཤེས་བྱ་གཙོ་བོར་བཟུང་ནས་ཁྲིད་དགོས། དེའང་རྩོམ་སྟངས་ཀྱི་ཆ་ནས་ལྷུག་རྩོམ་དང་སྙན་ངག སྒྲུང་གཏམ། དགག་སྒྲུབ་རྩོམ་ཡིག་སོགས་ཀྱི་ནང་དུ་ཤེས་བྱ་མང་པོ་མེད། འོ་ན་སློབ་ཚན་གང་འདྲ་ཞིག་ཏུ་ཤེས་བྱ་ཡོད་དམ་ཞེ་ན། གསལ་བཤད་རྩོམ་ཡིག ལོ་རྒྱུས། རིག་གནས་སྐོར་འཆད་པའི་སློབ་ཚན་དུ་རྒྱུན་ཤེས་རང་བཞིན་གྱི་ཤེས་བྱ་མང་པོ་ཡོད་པས། དེ་ལྟ་བུའི་སློབ་ཚན་གྱི་ནང་གི་ཤེས་བྱ་ནི་སློབ་མས་ངེས་པར་དུ་རྟོགས་དགོས་པས། དེའི་སྐོར་གྱི་འདྲི་ཚིག་འདོན་དགོས་པ་རེད།
གཉིས་པ། འདྲི་ཚིག་འདོན་ཐབས་སྐོར།
རྒྱུགས་ཀྱི་འདྲི་ཚིག་འདོན་སྟངས་ཀྱི་ཐད་ནས་བཤད་ན། ཉེ་བའི་ལོ་བཅུ་ཕྲག་གི་རིང་གི་ལག་ལེན་ཁྲོད་དུ་སྤྱོད་བདེ་གོ་ཆོད་དུ་གྱུར་པའི་འདྲི་ཚིག་སྟེ། དྲིས་ལན་འདེམ་པ་དང་། ཁ་སྐོང་བ། ལྟ་ཀློག་དབྱེ་ཞིབ། ཚིག་སྒྲིག་པ། རྩོམ་ཡིག་འབྲི་བ་བཅས་ལྔར་བྱས་ན་སྟབས་བདེ་སྤྱོད་བདེ་ཞིག་ཡིན་སྙམ། གཤམ་དུ་དབྱེ་བ་ལྔ་བོ་ལྟར་འདྲི་ཚིག་འདོན་ཐབས་འཆད་པར་བྱ་སྟེ།
1. དྲིས་ལན་འདེམ་པ། (单项选择题)(སྐར་མ40-60)
འདིའི་ནང་གསེས་ལ་འདྲི་ཚིག15-20ཡོད་ཆོག འདྲི་ཚིག་རེ་ལ་སྐར་མ2-3བྱིན་ཆོག་ལ། སྐར་མ3ཡན་ཡིན་མི་རུང་། ཡིག་ནོར་འཚོལ་བ། ཡི་གེའི་དག་ཆའི་སྐོར། འགྲེལ་བཤད་ནོར་ཡོད་མེད་འཚོལ་དུ་འཇུག་པ། ཚིག་སྐྱོན་འཚོལ་དུ་འཇུག་པ། རྟགས་འཇུག་གི་ཡི་གེའི་རྟགས་ཀྱི་དབྱེ་བ་དང་བྱ་བྱེད་ལས་གསུམ། དངོས་པོ་བདག་གཞན། བྱ་ཚིག་གི་དུས་གསུམ། དཔེ་དང་དཔེ་ཅན་ངོས་འཛིན་པ། མངོན་བརྗོད་ངོས་འཛིན་པ། ཕྲད་དང་རྣམ་དབྱེ་ངོས་འཛིན་དང་དབྱེ་ཞིབ། སྐད་དང་ཡི་གེའི་ལོ་རྒྱུས་དང་ལོ་རྒྱུས་རྒྱུན་ཤེས། རྩོམ་རིག་ཤེས་བྱ་སོགས་ཀྱི་འདྲི་ཚིག་བཏོན་ཆོག
ཡིག་ནོར་འཚོལ་བ་ནི། ཡི་གེ་ནོར་སླ་བའི་མིང་དུ་མ་བཀོད་དེ། ཡིག་ནོར་ཅན་དེ་འཚོལ་དུ་འཇུག་དགོས། དེའང་ནོར་ཡོད་པ་དང་མེད་པ་ཅི་རིགས་འདེམ་དུ་བཅུག་ན་ཆོག ནོར་བའི་ཡི་གེ་ནི་སྔོན་རྗེས་ཡང་འདོགས་གང་རུང་ནོར་དུ་འཇུག་པ་ལས་མིང་གཞི་ནོར་དུ་འཇུག་མི་རུང་། ཡི་གེ་འཆུགས་པ་མང་མི་རུང་།
ཚིག་སྐྱོན་འཚོལ་བ་ལ་རིགས་གཉིས་ཡོད་དེ། ཡི་གེ་དང་མིང་གི་བཀོལ་ཚུལ་ནོར་བ་དང་། ཕྲད་སྦྱར་བ་ནོར་བ་འཚོལ་བའོ། ། ཕྲད་སྦྱར་བའི་ཚིག་སློབ་དེབ་ནང་གི་ཚིག་ཡིན་ཆོག་ལ། མིན་ཡང་ཆོག མིང་དང་ཕྲད་ཀྱི་འོག་ཏུ་རྟགས་བརྒྱབ་སྟེ། ཚིག་སྐྱོན་ཡོད་པའི་ཚིག་དང་། ནོར་བའི་ཡི་གེ་གང་ན་ཡོད་པ་འཚོལ་དུ་འཇུག་དགོས།
མིང་དང་ཡི་གེའི་འགྲེལ་བཤད་འགྲིག་མིན་དང། འགྲེལ་བཤད་བྱེད་དུ་འཇུག་པ་བཀོད་སྒྲིག་བྱ་དགོས། དེ་ཡང་འགྲེལ་བཤད་ནོར་བ་ནི་ཆེས་གནད་འགག་གི་ཡི་གེ་གཅིག་གཉིས་ཙམ་ནོར་བར་བྱས་ཏེ་འཚོལ་དུ་འཇུག་རྒྱུ་བྱེད་དགོས། ཐད་ཀར་དུ་མིང་ཚིག་ལ་འགྲེལ་བཤད་བྱ་རྒྱུ་བཀོད་ཀྱང་ཆོག་མོད། ཚད་དང་རན་པ་ཞིག་ཡིན་དགོས། དོན་ཉེ་བ་དང་དོན་ལྡོག་པ། དོན་གཅིག་མིང་གི་རྣམ་གྲངས་སོགས་བཀོད་ནའང་ཆོག
སྔོན་ཆད་ཀྱི་དྲིས་ལན་འདེམ་པ་དང་ད་ལྟའི་དྲིས་ལན་འདེམ་པའི་འདྲི་ཚིག་འདོན་སྟངས་མི་འདྲ་སྟེ། སྔོན་ཆད་ཀྱི་འདྲི་ཚིག་གཅིག་གི་འོག་གི་གདམ་བྱ་བཞི་བོས་གོང་གི་དྲི་བ་གཅིག་ལ་ལན་འདེབས་ཀྱིན་ཡོད་པ་དང། ད་ལྟའི་འདྲི་ཚིག་འོག་གི་དྲིས་ལན་རེ་རེའང་འདྲི་ཚིག་རེ་རེ་ཡིན་པ་རེད། དཔེར་ན།
①བོད་སྐད་ཀྱི་མིང་གི་ནང་དུ་བྱ་ཚིག་གི་སྒོ་ནས་བཏགས་པའི་མིང་ཧ་ཅང་མང་སྟེ། བྱ་ཚིག་སྟེ་མ་འོངས་པའི་སྒོ་ནས་བཏགས་པ་ཡིན། བྱེད་ཚིག་སྟེ་ད་ལྟ་བའི་སྒོ་ནས་བཏགས་པ་དང་། བྱ་བ་བྱས་ཟིན་པའི་འདས་ཚིག་གི་སྒོ་ནས་བཏགས་པ་དང་། སྐུལ་ཚིག་གི་སྒོ་ནས་བཏགས་པ་བཅས་ཡོད། གཤམ་གྱི་མིང་ཁག་བཞི་ལས་ཚང་མ་བྱེད་ཚིག་ད་ལྟའི་སྒོ་ནས་བཏགས་པའི་ཁག་གཅིག་ནི﹙ ﹚ཡིན།
ཀ སློབ་དེབ། འཆར་གཞི། མཉམ་བཞག འཁྲབ་སྟོན།
ཁ ལག་ལེན། སྲུང་སྐྱོབ། བསླུ་བྲིད། བརྟག་དཔྱད།
ག སློབ་སྦྱོང་། རྒྱལ་སྲུང་། འཛུགས་སྐྲུན། སྒྲུབ་ཐབས།
ང རྩོམ་ཡིག གྲོས་ཆོད། འགྲིམ་འགྲུལ། ལྷུང་བཟེད།
②རྩོམ་འདིའི་ནང་དུ་རྩོམ་པ་པོས་དྭགས་པོའི་མི་བོད་རིགས་ཡིན་པར་སྒྲུབ་བྱེད་མང་པོ་དྲངས་ནས། རང་ལུགས་འཐད་ལྡན་དུ་བསྒྲུབས་ཡོད། གཤམ་དུ་བཀོད་པའི་སྒྲུབ་བྱེད་བཞི་ལས་བཤད་ཚུལ་ཡང་མི་དག་པ་གཅིག་ནི﹙ ﹚ཡིན།
ཀ དྭགས་པོའི་སྐད་ནི་གནའི་བོད་སྐད་ནས་འགྱུར་བ་ཡིན་ཞིང་། གཟི་ཚ་སྡེ་དགུ་དང་ཟུང་ཆུའི་བོད་མིའི་སྐད་དང་མཐུན་ས་མང་བ།
ཁ། དྭགས་པོའི་མི་མང་ཆེ་བས་བོད་ཡིག་མི་ཤེས་ཀྱང་། བོན་པོ་དང་སྔགས་པ་རྣམས་ཀྱིས་བོད་ཡིག་ཤེས་པ།
ག དྭགས་པོའི་མིས་ཕྱིང་ཞྭ་གྱོན་པ་དང་། ཞྭའི་ཐོག་ཏུ་བྱ་སྒྲོ་འཛུགས་པ་ནི་གནའི་བོད་མིའི་ཆ་ལུགས་ཡིན་པ།
ང། དྭགས་པོའི་མིས་བོད་ཀྱི་ཆོས་ཏེ་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་པ།
ཞེས་པ་ལྟ་བུའི་འདྲི་ཚིག་གི“ཀ་ ཁ་ ག་ ང”ཚང་མ་འདྲི་ཚིག་ཡིན་པས་ན། ཚིག་ལྷག་གཅིག་ཀྱང་མེད། སྔོན་ཆད་ཀྱི་འདྲི་ཚིག་གི“ཀ་ ཁ་ ག་ ང”བཞི་ལས་གཅིག་མ་གཏོགས་གཞན་ཚང་མ་ཚིག་ལྷག་ཡིན། ཚིག་ལྷག་མང་བའི་དྲི་བ་ནི་སླ་དྲགས་པས་ན། ཚིག་ལྷག་མེད་པའི་འདྲི་ཚིག་འདོན་པར་བརྩོན་དགོས།
2. ཁ་སྐོང་བ། ﹙སྐར་མ20-30﹚
ཕྲད་དང་རྣམ་དབྱེ་ཁ་སྐོང་བ། མཚན་ཉིད་དང་རྩ་ཚིག་གི་ཁ་སྐོང་བ། མིང་བདམས་ནས་ཚིག་གི་ཁ་སྐོང་བ། སྙན་ངག ལེགས་བཤད་ཀྱི་ཚིག་གི་རྐང་བ་ཁ་སྐོང་བ། རྒྱན་གྱི་དཔེ་བརྗོད་ཀྱི་ཁ་སྐོང་བ། རྟགས་འཇུག་གི་ཡི་གེའི་རྟགས་ཀྱི་དབྱེ་བ་དང་། བྱ་བྱེད་ལས་གསུམ། དངོས་པོ་བདག་གཞན། བྱ་ཚིག་གི་དུས་གསུམ། སློབ་དེབ་ནང་ནས་བྱུང་བའི་སྐད་དང་ཡི་གེའི་ལོ་རྒྱུས་དང་ལོ་རྒྱུས་རྒྱུན་ཤེས། རྩོམ་རིག་ཤེས་བྱ། འབྲེལ་ཡོད་རྒྱུན་ཤེས་སོགས་ཁ་སྐོང་བའི་འདྲི་ཚིག་བཏོན་ཆོག
ཡིན་ནའང་། ཁ་སྐོང་བ་ལ་གནད་འགག་གི་ཕྲད་དང་། མིང་དང་ཚིག རྐང་བ་གཅིག་རེ་དང་གཉིས་རེ་ཁ་སྐོང་བྱ་རྒྱུ་བཀོད་སྒྲིག་བྱས་ན་འོས། འབྲི་རྒྱུ་མང་དུ་བྱས་ན། སློབ་མས་བྲིས་མི་ཚར། ཡང་ཕྲད་ཁ་སྐོང་བ་ནི་ཁ་བསྐང་བྱའི་ཕྲད་དེ་གཅིག་པུ་ལས་གཞན་ཕྲད་གང་སྦྱར་ནའང་མི་འགྲིག་པ་ཞིག་ཡིན་དགོས།
3. ལྟ་ཀློག་དབྱེ་ཞིབ།﹙阅读分析﹚﹙སྐར་མ20-30﹚
ལྟ་ཀློག་དབྱེ་ཞིབ་ནི། དབྱེ་ཞིབ་དང་གོ་བ་ལེན་པའི་ཆུ་ཚད་ལ་བརྟག་པ་ཞིག་ཡིན། འདྲི་ཚིག་འདིར་གཙོ་བོ་རྒྱུ་ཆ་བྱིན་ཏེ། དེའི་བརྗོད་བྱ་འབྲི་རུ་འཇུག་པ་དང་། ཚིག་སྦྱོར་དང་ཚན་པ་དགར་སྟངས། རྩོམ་སྟངས་ཀྱི་ཁྱད་ཆོས་སོགས་ལ་དབྱེ་ཞིབ་བྱེད་དུ་བཅུག་ནའང་ཆོག སྤྱིར་འདྲི་ཚིག་འདིའི་རིགས་ཤིན་ཏུ་བཟང་མོད། འོན་ཀྱང་དྲི་བ་འདོན་རྒྱུ་ཁག་པོ་ཡིན། དེའི་ནང་དོན་ཐད་ལ་ཇི་བཞིན་བརྗོད་པ་དང་གསལ་བཤད་རྩོམ་ཡིག སྙན་ངག དགག་སྒྲུབ་རྩོམ་ཡིག་སོགས་དང་འབྲེལ་ཡོད་ཀྱི་ཤེས་བྱའི་དྲི་བ་བཏོན་ཆོག ང་ཚོས་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། ཇི་བཞིན་བརྗོད་པའི་རྩོམ་སོགས་སློབ་པའི་དམིགས་ཡུལ་ནི། རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་གི་བསམ་བློ་དེ་རྟོགས་པའི་ཆེད་ཁོ་ན་མ་ཡིན་པར། རྩོམ་པ་པོས་དགའ་སྐྱོ་ཆགས་སྡང་དེ་ཇི་ལྟར་མཚོན་ཚུལ་གྱི་ཐབས་ལམ་སྦྱང་རྒྱུ་དང་། དེ་མཚོན་པར་མིང་དང་ཡི་གེ་དང་ཚིག་ཇི་ལྟར་བཀོལ་ཡོད་པ་དེ་སྦྱོང་བའི་ཆེད་དུ་ཡིན་པ་གསལ་བོར་ངེས་དགོས་པས་ན། གནད་འདི་གཙོ་བོར་བཟུང་ནས་དྲི་བ་འདོན་དགོས་པ་རེད།
དེ་ཡང་ལྟ་ཀློག་རྒྱུ་ཆ་གསུམ་ནས་བཞི་བཀོད་སྒྲིག་བྱེད་དགོས་པ་སྟེ།①ཚིགས་བཅད་སྙན་ངག་ཤོ་ལོ་ཀ་གཅིག་ནས་གཉིས་དང་།②བརྗོད་བྱ་གང་རུང་གི་ཚིག་ལྷུག་གི་རྩོམ་དུམ་བུ་ཞིག③ཚན་རིག་ཤེས་བྱ་ངོ་སྤྲོད་བྱེད་པའི་ཚིག་ལྷུག་གི་རྩོམ་དུམ་བུ་དང་། ④ རིག་གནས་ལོ་རྒྱུས་བརྗོད་པའི་རྩོམ་དུམ་བུ་ཞིག་བཅས་འགོད་དགོས། དེ་ལས་རྩོམ་སྟངས་གཉིས་ཀྱི་རྩོམ་ལྟ་ཀློག་ངེས་པར་དུ་འགོད་དགོས་ལ། འདྲི་ཚིག་ནི་དྲིས་ལན་སྣ་གཅིག་འདེམ་པ་དང་། མིང་དང་ཡི་གེར་འགྲེལ་བཤད་བྱེད་པ། བརྗོད་བྱ་གཙོ་བོ་འབྲི་བ། རྩོམ་སྟངས་ལ་དབྱེ་ཞིབ་བྱེད་པ་སོགས་གང་རུང་བྱེད་ཆོག
⑴ཚིགས་བཅད་སྙན་ངག་ཡིན་ན། དཔེ་དང་དཔེ་ཅན་དང་མཚུངས་གསལ་གྱི་སྒྲ་ངོས་འཛིན་པ། མཚུངས་ཆོས་ལ་དབྱེ་ཞིབ་བྱེད་པ། སྙན་ངག་གི་རྩོམ་སྟངས་ལ་དབྱེ་ཞིབ་བྱེད་པ། བརྗོད་བྱའི་བསྟན་དོན་འབྲི་བ། ཡི་གེ་དང་ཐ་སྙད་དང་ཚིག་ལ་འགྲེལ་བཤད་བྱེད་པ། མངོན་བརྗོད་ལ་འགྲེལ་བཤད་བྱེད་པ། ཕྲད་དང་རྣམ་དབྱེ་ངོས་འཛིན་དང་དབྱེ་ཞིབ་ཀྱི་འདྲི་ཚིག་བཏོན་ཆོག
⑵ཚིག་ལྷུག་གི་རྩོམ་དུམ་བུ་ཡིན་ན། ཡི་གེ་དང་ཐ་སྙད་དང་ཚིག་ལ་འགྲེལ་བཤད་བྱེད་པ། ཕྲད་དང་རྣམ་དབྱེ་ངོས་འཛིན་དང་དབྱེ་ཞིབ་བྱེད་པ། རྩོམ་སྟངས་ལ་དབྱེ་ཞིབ་བྱེད་པ། བརྗོད་བྱའི་དོན་གཙོ་བོ་འབྲི་བ་སོགས་ཀྱི་འདྲི་ཚིག་བཏོན་ཆོག
⑶ཚན་རིག་ཤེས་བྱ་ངོ་སྤྲོད་བྱེད་པའི་ཚིག་ལྷུག་གི་རྩོམ་དུམ་བུ་དང་། རིག་གནས་ལོ་རྒྱུས་བརྗོད་པའི་རྩོམ་དུམ་བུ་ཡིན་ན། ཡི་གེ་དང་ཐ་སྙད་དང་ཚིག་ལ་འགྲེལ་བཤད་བྱེད་པ། རྩོམ་སྟངས་ལ་དབྱེ་ཞིབ་བྱེད་པ། བརྗོད་བྱ་གཙོ་བོ་འབྲི་བ་སོགས་ཀྱི་འདྲི་ཚིག་བཏོན་ཆོག
⑷ཚིག་གི་ཞིབ་བརྗོད་ཀྱི་གོ་རིམ་བསྒྲིགས་པ། དངོས་པོ་དང་ཡུལ་ལྗོངས། དོན་དག﹙བྱུང་རིམ﹚ཞིབ་འབྲི་བྱེད་པའི་ཚིག་དུམ་བུ་ཞིག་བདམས་ཏེ། དེའི་ཚིག་གི་མགོ་རྔ་དཀྲུགས་རྗེས། ཚིག་གི་གོ་རིམ་སྒྲིག་ཏུ་འཇུག་པ་ཞིག་ཡིན།
རྒྱུགས་ཡིག་གཅིག་གི་ནང་དུ་གོང་གི་ནང་དོན་བཞི་བོ་ཚང་དགོས་པའི་ངེས་པ་མེད། དེ་ལས་གཉིས་ནས་གསུམ་འགོད་ཐུབ་ན་ཆོག
4.ཚིག་སྒྲིག་པ། ﹙སྐར་མ10-15﹚
ཡི་གེ་དུ་མ་འདུས་ནས་མིང་དང་། མིང་དུ་མ་འདུས་ནས་ཚིག ཚིག་གིས་དོན་རྣམས་སྟོན་པར་བྱེད། ཅེས་པ་ལྟར་ཚིག་སྒྲིག་པ་ནི། མིང་དང་ཡི་གེ་བཀོལ་སྤྱོད་ཀྱི་ནུས་པ་ལ་བརྟག་པའི་ཐབས་བཟང་པོ་ཞིག་ཡིན་པས་ན། རྒྱུན་བཀོལ་གྱི་མིང་དང་ཡི་གེའམ། ཕྲད། བྱ་ཚིག་བཅས་བཞི་ནས་དྲུག་བཀོད་དེ། ཡི་གེའི་ཚེག་ཁྱིམ་གཏན་ཁེལ་གྱིས་ཚིག་སྒྲིག་ཏུ་འཇུག་དགོས།
5. རྩོམ་ཡིག་འབྲི་བ། ﹙སྐར་མ30-40﹚
རྩོམ་ཡིག་འབྲི་བ་ནི་སྐད་ཡིག་གི་ཆུ་ཚད་སྤྱི་ལ་བརྟག་ཐབས་ཤིག་ཡིན་ཏེ། ཡི་གེའི་དག་ཆ་དང་། མིང་དང་ཡི་གེ་བཀོལ་བ་དོན་ལ་འབྱོར་མིན། ཕྲད་དང་རྣམ་དབྱེ་སྦྱར་བ་འགྲིག་མིན། བརྗོད་བྱ་དང་རྒྱུ་ཆ་འབྲེལ་ཆགས་མིན། ཞིབ་བརྗོད་ཀྱི་གོ་རིམ་འགྲིག་མིན་སོགས་ལ་བརྟག་པའི་རྒྱུགས་ལེན་ཐབས་ནུས་པ་ལྡན་པ་ཞིག་ཡིན།
གསུམ་པ། འབྲེལ་ཡོད་གནད་དོན་བཤད་པ།
1. ཐོག་མར་ཤེས་དགོས་པ་ཞིག་ནི་མཐོ་རྒྱུགས་ནི་མཐོ་འབྲིང་གི་མཐར་ཕྱིན་གྱི་རྒྱུགས་མིན་པ་དེ་ཡིན། མཐོ་རྒྱུགས་ནི་སློབ་ཆུང་ནས་མཐོ་འབྲིང་བར་གྱི་ལོ་བཅུ་གཉིས་རིང་གི་སྐད་ཡིག་སློབ་སྦྱོང་གི་ཆུ་ཚད་ལ་བརྟག་པ་ཞིག་ཡིན་པས་ན། སློབ་ཆུང་ངམ་དམའ་འབྲིང་གི་སློབ་དེབ་ནང་གི་ནང་དོན་ཡང་རྒྱུགས་ཀྱི་ནང་དོན་བྱེད་དགོས་པ་རེད། 2003ལོ་ནས2008ལོའི་བར་གྱི་རྒྱུགས་ཡིག་ཏུ་དམའ་འབྲིང་གི་སློབ་དེབ་ནང་གི་སྐད་ཡིག་ཤེས་བྱ་དེ་རྒྱུགས་ཀྱི་ནང་དོན་གཙོ་བོར་བྱས་ཡོད་པ་དང་། གནད་དོན་འདི་ཐག་གཅོད་ཅུང་ཡག་པོ་བྱས་ཡོད་པས། རྗེས་སུ་དེར་དཔེ་བལྟས་ནས་ནང་དོན་འདི་ཆད་དུ་མི་འཇུག་པ་གལ་ཆེ།
2. སྐད་ཡིག་རྨང་གཞིའི་ཤེས་བྱ་མ་ཡིན་པའི་འདྲི་ཚིག་མང་མི་རུང་བ། སྐད་ཡིག་གི་རྒྱུགས་ཡིན་ན། སྐད་ཡིག་རྨང་གཞིའི་ཤེས་བྱ་དང་།“རྨང་གཞིའི་ཤེས་བྱ་དང་རྩ་བའི་ནུས་པ”ལ་བརྟག་པའི་འདྲི་ཚིག་གིས་སྐར་གྲངས་ཀྱི80%ཟིན་དགོས་པ་རེད། 2008ལོའི་སྔོན་གྱི་རྒྱུགས་ཡིག་ཏུ་དེ་ལག་བསྟར་བྱེད་ཐུབ་ཡོད། ཡིན་ནའང། 2009 ལོ་ནས2012ལོའི་བར་གྱི་རྒྱུགས་ཡིག་ཏུ་སྐད་ཡིག་རྨང་གཞིའི་ཤེས་བྱ་དང་།“རྨང་གཞིའི་ཤེས་བྱ་དང་རྩ་བའི་ནུས་པ”ལ་བརྟག་པར་མི་གཏོགས་པའི་ལོ་རྒྱུས་ཤེས་བྱ་ཕྲན་ཚེགས་དང་། རིག་གནས་ལོ་རྒྱུས་ཤེས་བྱ་ཕྲན་ཚེགས། རིག་གནས་ཤེས་བྱ་ཕྲན་ཚེགས། སློབ་ཚན་གྱི་ཤེས་བྱ་ཕྲན་ཚེགས་སོགས་ཀྱི་འདྲི་ཚིག་མང་པོ་བཏོན་ཡོད་པ་ནི། སྐད་ཡིག་གི་ངོ་བོ་ལས་ལོག་པར་གྱུར་ནས། 2003ལོའི་སྔོན་གྱི་རྒྱུགས་ཡིག་སྒྲིག་སྟངས་ཀྱི་ཕྱོགས་སུ་འགྲོ་ཡིན་ཡོད་སྙམ་ལ། རྗེས་སུ་སྐད་ཡིག་གི་རྒྱུགས་སྒྲིག་པ་པོ་རྣམས་ཀྱིས་སྐད་ཡིག་གི་ངོ་བོ་ལ་ངེས་ཤེས་ཟབ་མོ་འབྱུང་དུ་བཅུག་སྟེ། སྐད་ཡིག་རྨང་གཞིའི་ཤེས་བྱ་གཙོ་བོ་བྱས་ནས་རྒྱུགས་བསྒྲིག་དགོས་སྙམ།
3. རྩོམ་ཡིག་འབྲི་བ་དང་རྩོམ་གྱི་ཁ་བྱང་གི་སྐོར།
རྩོམ་ཡིག་གི་སྐར་གྲངས་ཀྱི་ཆ་ནས་བཤད་ན། 2003ལོ་ནས2008ལོའི་བར་གྱི་རྒྱུགས་ཡིག་ཏུ་རྩོམ་གྱི་སྐར་མ30-45བྱས་ཡོད་ཅིང་། ཚིག་སྒྲིག་པ་བཀོད་སྒྲིག་བྱས་ཏེ། དེར་སྐར་མ10-15འཛིན་དུ་བཅུག་ཡོད། ཡིན་ནའང་། 2009ལོ་ནས2012ལོ་བར་གྱི་རྒྱུགས་ཡིག་ཏུ་ཚིག་སྒྲིག་པ་མེད་པ་དང་། རྩོམ་ཡིག་ལ་སྐར་མ50བྱིན་ཡོད། བོད་ཀྱི་མིག་སྔར་གྱི་སྐད་ཡིག་སློབ་གསོའི་ཆུ་ཚད་ལ་བལྟས་ན། རྒྱུ་དང་རྐྱེན་གང་མང་གི་དབང་གིས་སྐད་ཡིག་གི་ཆུ་ཚད་ཅུང་ཞན་པས་ན། རྒྱ་ཡིག་གི་རྒྱུགས་ལྟར་རྩོམ་ཡིག་ལ་སྐར་མ50-60བྱས་ན་མི་འཚམ་པར་འདོད་ལ། སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་ལ་བརྟག་པའི་རྩ་དོན་ལྟར།(འདྲི་ཚིག་གཅིག་ལ་སྐར་མ་མང་པོ་མི་སྟེར་བ﹚ 
རྩོམ་ཡིག་ལ་སྐར་མ30-40བྱས་ཏེ། ཚིག་སྒྲིག་པ་བཀོད་སྒྲིག་བྱས་ནས། དེར་སྐར་མ10-15བྱིན་ན་སློབ་མའི་དོན་དངོས་ཀྱི་ཆུ་ཚད་དང་འཚམ་པར་སྙམ་སྟེ། ཚིག་སྒྲིག་པ་ནི་མིང་དང་ཡི་གེ་བཀོལ་སྤྱོད་ཀྱི་ནུས་པ་ཡིན་པ་དང། རྩོམ་འབྲི་བའི་རྨང་གཞི་ཡིན་པས་ན། ཚིག་སྒྲིག་པའི་སྦྱང་བ་མང་དུ་བྱས་ན། ད་གཟོད་མིང་དང་ཡི་གེས་དོན་མཚོན་ཚུལ་དང་། ཕྲད་རྣམ་དབྱེ་སྦྱོར་ཚུལ་མ་ནོར་བར་ཤེས་ནས། རྩོམ་འབྲི་བའི་རྨང་གཞི་བཟང་པོ་ཆགས་ཐུབ་པ་ཡིན།
རྩོམ་གྱི་ཁ་བྱང་དང་བརྗོད་བྱའི་ཆ་ནས་བཤད་ན། རྩོམ་གྱི་བརྗོད་བྱ་དེ་སློབ་གྲྭ་དང་སློབ་སྦྱོང་ལས་བརྒལ་ཏེ། མཐོངས་ཡངས་པའི་སྤྱི་ཚོགས་དང་འཚོ་བ་ལ་ཁ་ཕྱོགས་དགོས་པ་དང་། སློབ་མའི་འཚོ་བ་དང་ཉེ་ཞིང་། སློབ་མར་ཆ་རྒྱུས་ཡོད་པའི་གླེང་གཞི﹙话题﹚སྟེང་དུ་འབབ་ཐུབ་དགོས་སྙམ། ལོ་འདི་འགའི་རྩོམ་གྱི་ཁ་བྱང་ལ་བལྟས་ན། ཁ་ཤས་བསྐྱར་ཟློས་བྱས་ཡོད་པ་དང་། ཁ་ཤས་ཀྱི་བརྗོད་བྱ་ཆེ་དྲགས་པ། ཁ་ཤས་ཀྱི་བརྗོད་བྱ་གུ་དོག་པའི་ཚོར་བ་སྟེར་བ་རེད། འདིའི་ཐད་ནས་རྒྱུགས་སྒྲིག་མཁན་ལ་རེ་བ་མཐོན་པོ་བཏོན་ཡོད་པ་རེད། རྩོམ་གྱི་ཁ་བྱང་ཡག་པོ་ཞིག་འདོན་དགོས་ན། རྒྱུགས་སྒྲིག་མཁན་ལ་རྩོམ་རིག་གི་བློ་སྦྱོང་ངེས་ཅན་དགོས་པ་རེད། རྩོམ་རིག་བརྩམས་ཆོས་ལ་བློས་བསླང﹙构思﹚བྱེད་མི་ཤེས་ན། རྩོམ་གྱི་ཁ་བྱང་དང་བརྗོད་བྱ་བཟང་པོ་ཞིག་ཀྱང་བློས་བསླང་བྱེད་མི་ཤེས་པ་རེད། དེའི་ཕྱིར། རྒྱུགས་སྒྲིག་མཁན་གྱིས་རྩོམ་གྱི་ཁ་བྱང་དང་བརྗོད་བྱ་གཏན་ཁེལ་བྱེད་པར་ཡང་དང་ཡང་དུ་བསམ་བློ་བཏང་སྟེ་བསྲེགས་བཅད་བརྡར་གསུམ་བྱེད་དགོས་པ་རེད། དཔེར་ན། 2008ལོའི་རྒྱུགས་ཤིག་གི་ཁ་བྱང《ལོ་བཅོ་བརྒྱད་ལ་སོན་པའི་བདག》ལྟ་བུ་ནི་ཁ་བྱང་དཔེ་མེད་ཅིག་རེད། འདི་འདྲའི་ཁ་བྱང་བཏོན་ན། ད་གཟོད་སློབ་མའི་རྩོམ་འབྲི་ནུས་པ་གང་བཟང་དུ་འདོན་ཐུབ།
4. དྲིས་ལན་འདེབས་པ﹙问答题﹚དང་སྤྲོས་བརྗོད﹙རྒྱས་བཤད﹚འདྲི་ཚིག﹙论述题﹚ནི་བཀོད་སྒྲིག་བྱེད་མི་རུང་བ་སྟེ། དྲིས་ལན་འདེབས་པའི་ལན་ལ་ཡི་གེ་འབྲི་རྒྱུ་ཅུང་མང་བས། རྩོམ་ཡིག་འབྲི་བར་དུས་ཚོད་ཀྱིས་མི་འདང་བ་དང་གཅིག འདྲི་ཚིག་འདིས་སྐར་མ་བཟུང་བ་ཅུང་མང་བས། སློབ་མས་འདྲི་ཚིག་གཅིག་ལ་ལན་འདེབས་མ་ཤེས་ན། སྐར་མའང་དེ་བཞིན་དུ་ཤོར་འགྲོ་བ་གཉིས་ཀྱི་རྐྱེན་གྱིས་འདྲི་ཚིག་འདི་དག་མ་བཏོན་ན་བཟང་སྙམ།
5. བརྡར་ཤ་གཅོད་པའི་འདྲི་ཚིག﹙判断题﹚བཀོད་སྒྲིག་མ་བྱས་ན་བཟང་། བརྡར་ཤ་གཅོད་པའི་འདྲི་ཚིག་དང་དྲིས་ལན་འདེམ་པའི་འདྲི་ཚིག﹙单项选择题﹚གཉིས་ལ་འདྲ་བའི་ཆ་མང་བས་ན། བསྐྱར་ཟློས་ཀྱི་ཆ་ཡོད་པ་དང་། དེ་ལས་ཀྱང་བརྡར་ཤ་གཅོད་པའི་འདྲི་ཚིག་ལ་བསམ་བློ་གཏོང་བ་དང་དབྱེ་ཞིབ་བྱེད་པའི་ཆ་ཅུང་ཉུང་བས་ན། སླ་བར་འདུག་པས་བཀོད་སྒྲིག་མ་བྱས་ན་བཟང་སྙམ། 2008ལོའི་རྒྱུགས་ལ་བརྡར་ཤ་གཅོད་པའི་འདྲི་ཚིག་བཀོད་སྒྲིག་བྱས་མེད་པར་ལྟོས་དང། རྒྱུགས་སྒྲིག་ཚུལ་ཤེས་པར་འགྱུར།
6. ཁ་སྐོང་བ་ལ“སྟོང་ཆ”སྐོང་བ་ཟེར་བ་ལྟ་བུ་ནི་མི་བཟང་སྟེ། “སྟོང་ཆ”ནི་སྟོང་གི་ཆ་ཤས་ཞེས་པ་དང་ནོར་སླ་བ་དང་། བརྡར་ཤ་མ་ཐོན་པའི་མིང་ཞིག་ཡིན་པས་ན། སྔར་ནས་ཡོད་པའི་ཁ་སྐོང་བ་བྲིས་ན་བཟང་སྙམ།
དེ་ལས་གཞན་རྒྱུགས་ཤོག་གི་པར་ངོས་བཀོད་སྒྲིག་ཀྱང་ཡག་དགོས་ཏེ། ཡི་གེའི་ཆེ་ཆུང་ཚད་དང་རན་དགོས་ལ། ཐིག་ཕྲེང་ཕན་ཚུན་བར་འཚུབ་པོ་ཡིན་མི་རུང་། སྟོང་བའི་ཁ་སྐོང་ས་འོས་འཚམ་འཇོག་དགོས་ཤིང་། བྲི་བྱའི་ནང་དོན་འབྲི་སར་ས་ལྷག་ཅུང་ཡོད་པ་བྱེད་དགོས། དེ་བས་པར་ངོས་བཀོད་སྒྲིག་ནི་རྒྱུགས་ཡིག་སྒྲིག་མཁན་གྱི་ཤེས་བྱ་གལ་ཆེན་ཞིག་རེད། མདོར་ན་རྒྱུགས་ཡིག་སྒྲིག་མཁན་ཞིག་ཡིན་ཕྱིན་ངེས་པར་དུ་ནན་ཏན་གྱིས་འགན་འཁུར་རྒྱུ་དང་། འདྲི་ཚིག་གི་མང་ཉུང་ཚད་དང་རན་པ། པར་ངོས་བཀོད་སྒྲིག་ཚད་ལྡན་བྱ་རྒྱུ་བཅས་ནི་ཧ་ཅང་ནས་ཀྱང་གལ་ཆེ་བའི་བྱ་བ་ཞིག་རེད། གཞན་ཡང་འདྲི་ཚིག་ཆེ་ཆུང་གང་ཡིན་རུང་སྐར་མའི་བགོ་བཤའ་འོས་འཚམ་ཡིན་དགོས་པ་དང་། འདྲི་ཚིག་རེ་རེར་བྱིན་པའི་སྐར་མ་ཚད་དང་མཐུན་ཞིང་སྐད་ཡིག་ཤེས་བྱའི་ཕྱོགས་ཡོངས་ལ་ཁེབས་དགོས། །
① མཚོ་ལྷོ་ཁུལ་གུང་ཧོ་རྫོང་སློབ་འབྲིང་ན་ཕྱག་ལས་གནང་བཞིན་ཡོད།
② མཚོ་སྔོན་མི་རིགས་སློབ་གཞི་རྩོམ་སྒྱུར་ལྟེ་གནས་ན་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1