ཉག་སྟོད་ཁ་བ་ལུང་རི﹙ཁ་ལ( བ )ལུང་རི།﹚ཞེས་པའི་གངས་རི་གྲགས་ཆེ། ཉག་རོང་གི་ཆུ་ནི་ལྡན་སྟོད་ལབ་ཆོས་སྡེ་ནས་བབ་པའི་ཆུ་སེར་ཤུལ་དང་སྡེ་དགེ་རྫ་སྟོད། དཀར་མཛེས་བཅས་བརྒྱུད་ནས་ཁ་བ་ལུང་རིའི་མདུན་ནས་འབབ་པའི་ཆུ་བོའོ། །ཤང་ལང་བྲག་དཀར་སོགས་བན་བོན་གྱི་གནས་ཁྱད་པར་ཅན་དང་། བོན་པོ་དང་རྙིང་མའི་དགོན་སྡེ་མང་། ས་འདིར་གསེར་དངུལ་གྱི་མགར་བ་གྲགས་ཅན་ཡང་མང་ལ་བོད་ཟལ་མོ་སྒང་པའི་ཁོངས་སུ་གཏོགས། དགོན་སར་དགོན་པ་དང་། བྲག་རྫོང་དགོན། སྐལ་བཟང་དགོན། ཨ་བསེ་ཀླུ་མོ་ར་སོགས་དགོན་སྡེ་མང་། ཉག་སྐེད་མགོན་པོ་རྣམ་རྒྱལ་སོགས་མི་སྣ་གྲགས་ཅན་བྱུང་མྱོང་ཞེས་དགེ་བའི་བཤེས་གཉེན་འཇམ་དབྱངས་གྲགས་པ་ནས་གསུངས།
བོད་གངས་ཅན་གྱི་གདུང་རྒྱུད་བསྙོན་དུ་མེད་པའི་ཉག་ཨ་ཛི་རོང་ཞེས་མིང་དུ་གྲགས་པ་འདི་ནི། དབྱིབས་དང་ཁ་དོག་གྲངས་སོགས་སྒོ་མང་ལ་འཇུག་མོད། འདིར་སྒྲ་ཟུར་ཆགས་པ་སྟེ་ནགས་རོང་ཞེས་པ་ཉག་རོང་དུ་བརྗོད་པ་རེད་ཅེས་བཤད་ཅིང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་ནགས(ཉག)རོང་གི་མི་རྣམས་རྟ་པ་རྣ་བ་ལ་གསེར་དང་དངུལ་ཟངས་རག་སོགས་ཀྱི་ཨ་ལོང་ཆེན་པོ་བཏགས་པ་བྱུང་བས་རོང་རྟ་རྣ་ཅན་ཞེས་ཟེར་བ་དང་། ཡང་ཉག་ཨ་ཛི་རོང་ཞེས་པའི་མིང་ཐོགས་དོན་ནི། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རྒྱལ་པོའི་བཀའ་ལྟར་ནགས་རོང་གི་དམག་རྒྱ་གར་དུ་སོང་ནས་གང་གཱའི་འགྲམ་དུ་རྒྱལ་ཁ་ཐོབ་པས། རྣམ་པར་རྒྱལ་བ་ཞེས་པ་སྟེ་རྒྱ་གར་གྱི་སྐད་དུ་ཨ་ཛི་ཞེས་པའི་མིང་དེ་ཉིད་དུས་སྐབས་དེ་ནས་ཐོགས་ཞེས་བོད་ཀྱི་ལོ་རྒྱུས་རྣམས་སུ་གསལ། ཡུལ་འདིར་ལོ་ཆེན་བེེ་རོ་ཙ་ན་དང་གཡུ་སྒྲ་སྙིང་པོ། ལྷ་ལུང་དཔལ་རྡོར་སོགས་སྐུ་དངོས་ཞབས་ཀྱིས་བཅགས་ཤིང་། གུ་རུ་པདྨ་དང་རྗེ་འབངས་ཉེར་ལྔ་སོགས་རྫུ་འཕྲུལ་གྱིས་བྱོན་ཏེ་བྱིན་གྱིས་རླབས་པར་མཛད་པའི་སྦས་ཡུལ་ཁྱད་པར་བ་ཞིག་ཡིན།