བོད་ལྗོངས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་བོད་སྤོས་ལ་རྒྱལ་ཁབ་ཚད་གཞི་ཨུ་ལྷན་གྱིས་དངོས་སུ་ལས་གཞི་བཙུགས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-30


          བོད་སྤོས་ནི“གངས་ལྗོངས་ནོར་བུ་གསུམ”དུ་འབོད་པའི་གྲས་ཀྱི་གཅིག་ཡིན་ཞིང་། དེ་ནི་བོད་ཀྱི་རིག་གནས་ཁྲོད་ཀྱི་མེད་དུ་མི་རུང་བའི་ཆ་ཤས་ཤིག་རེད། ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས་ནས་ཤེས་རྟོགས་བྱུང་གསལ། ལྷ་ས་གྲོང་ཁྱེར་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས་ཀྱིས་སྒྲིག་འཛུགས་དང་གྲོས་གཞི་བཏོན་པ་དང་། རང་སྐྱོང་ལྗོངས་ནང་ཁུལ་གྱི་བོད་སྤོས་སྣེ་འདྲེན་གྱི་ཁེ་ལས་གཙོ་ཁྲིད་དང་། ལྗོངས་ཕྱི་ནང་གི་འབྲེལ་ཡོད་ལས་ཁུངས་དང་མཉམ་གཅིག་ཏུ་འཆར་ཟིན་འབྲི་བར་ཞུགས་པའི《བོད་སྤོས》ཏེ་རྒྱལ་ཁབ་ཀྱི་འོས་སྦྱོར་རང་བཞིན་གྱི་ཚད་གཞིར་རྒྱལ་ཁབ་ཀྱི་ཚད་གཞི་ཨུ་ལྷན་གྱི་ཆོག་མཆན་ཐོབ་སྟེ་ལས་གཞི་བཙུགས། ཚད་གཞི་དེ་ནི་བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་རང་བརྟེན་གྱིས་གྲོས་འདོན་དང་གཙོ་འཛིན་བྱས་ནས་འཆར་ཟིན་བྲིས་པའི་རྒྱལ་ཁབ་ཀྱི་ཚད་གཞི་ཡིན་ཞིང་། བོད་ལྗོངས་ཀྱི་ཐོན་ལས་ཚད་ལྡན་ཅན་གྱི་འཕེལ་རྒྱས་ལོ་རྒྱུས་སུ་སྐུལ་འདེད་བྱས་པར་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཀྱང་ཡིན། 

རྒྱལ་ཁབ་ཀྱི་ཚད་གཞིའི་གཏན་བཟོས་ཚོང་རའི་སྐད་ཆ་བཤད་དབང་མཐོར་འདེགས་སུ་གཏོང་བར་ཕན་ནུས་ལྡན། 
           ཉེ་བའི་ལོ་ཤས་རིང་། ཚོང་རའི་འཕེལ་རྒྱས་དང་བསྟུན་ནས་བོད་སྤོས་དེ་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཤིག་ཏུ་གྱུར་ཞིང་། ཐོན་སྐྱེད་ནས་ཕྱིར་འཚོང་བར་གཞི་ཁྱོན་ངེས་ཅན་ཞིག་གྲུབ་ཡོད། རགས་རྩིས་བྱས་པ་ལྟར་ན།  2014 ལོར་བོད་སྤོས་ཀྱི་ཐོན་སྐྱེད་རིན་ཐང་གི་བསྡོམས་འབོར་དེ་སྒོར་དུང་ཕྱུར1 ལས་བརྒལ་ཞིང་། ཨེ་ཤ་ཡའི་ཤར་ལྷོ་དང་ཡོ་རོབ་དང་ཨ་རི་སོགས་ཀྱི་རྒྱལ་ཁབ་ཏུ་ཐོན་རྫས་ཕྱིར་འཚོང་བྱས། འོན་ཀྱང་རྒྱ་གར་གྱི་སྤོས་དང་། བལ་བོའི་སྤོས་དང་བོད་སྤོས་དབར་གྱི་འདྲ་མཚུངས་རང་བཞིན་གྱིས་ཚད་ངེས་ཅན་ཞིག་གི་སྟེང་ནས་བོད་སྤོས་ཀྱི་ཚོང་རའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོས་ཡོད། དེར་བརྟེན་རྒྱལ་ཁབ་ཀྱི་ཚད་གཞི་དེ་ལག་རྩལ་གྱི་འདེགས་སྐྱོར་གྱིས་ས་ཁོངས་ཕྱིའི་ཁྲོམ་རར་གསར་གཏོད་གནང་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ཚད་གཞི་འདི་ཞིབ་འཇུག་དང་གསར་བཟོ་བྱ་རྒྱུ་དང་། ལྷག་པར་དུ་དེའི་ཁྲོད་ཀྱི་བོད་སྤོས་ཀྱི་གཞི་རྩའི་དོན་སྤྱི་དང་། བརྡ་ཆད་མཚན་ཉིད། རྒྱུ་ཆའི་རེ་བ། ཁྱད་རྟགས་ཀྱི་ཚད་གཞི། བོད་སྤོས་ཚོང་རའི་སྒྲིག་སྲོལ་གྱི་ཚད་ལྡན། བོད་སྤོས་ཐོན་ལས་ཀྱི་སྤུས་རྟགས་འགྲན་རྩོད་ཀྱི་ཤུགས་མཐོར་འདེགས་དང་། བོད་སྤོས་ཐོན་ལས་ཀྱི་ཚོང་རའི་མཚན་སྙན་འགན་སྲུང་བྱ་བའི་སྐོར་ལ་དོན་སྙན་གལ་ཆེན་ལྡན། 
རྒྱལ་ཁབ་ཀྱི་ཚད་གཞི་གཏན་བཟོས་ཐོན་ལས་ལམ་ལུགས་ཀྱི་གནད་རྩོད་ལེན་བྱེད་པར་ཕན་པ། 
          ཐོན་ལས་ཀྱི་སྲོག་ཤིང་ནི་སྤུས་རྟགས་ཡིན་ཞིང་། སྤུས་རྟགས་ཀྱི་སྲོག་ཤིང་ནི་རྒྱུ་སྤུས་ཡིན་ལ། རྒྱུ་སྤུས་ཀྱི་རྨང་གཞི་ནི་ཚད་གཞི་ཡིན། མིག་སྔར། བོད་ལྗོངས་དང་ཐ་ན་རྒྱལ་ཡོངས་ཀྱི་བོད་སྤོས་ཐོན་ལས་ལ་ད་དུངའཕེལ་རྒྱས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཆགས་མེད་པར་ཐོག་མའི་དུས་སྐབས་ཀྱི“གང་སར་རྡུང་བའི”རིམ་མེད་ཀྱི་འཕེལ་རྒྱས་ཁྲོད་གནས་ཤིང་། ས་གནས་དང་། ཁེ་ལས། མཐུན་ཚོགས་རང་སོ་སོར་གནས་ཏེ་སྲོལ་རྒྱུན་གྱི་རྣམ་པ་དང་རང་ངོས་ཀྱི་ཉམས་མྱོང་ཁོ་ནར་བརྟེན་ནས་ལས་སྣོན་བྱས་པ་དང་། དེས་ལས་སྣོན་གྱི་ཕན་ནུས་དམའ་བ་དང་། ཐོན་རྫས་ཀྱི་སྤུས་ཚད་མི་མཐོ་བ། ཚན་རྩལ་འདུས་ཚད་དང་ཐོན་རྫས་ཟུར་སྣོན་གྱི་རིན་ཐང་དམའ་རུ་སོང་སྟེ་ཚོང་རའི་ཐོག་ཏུ་འགྲན་རྩོད་ཀྱི་ནུས་ཤུགས་མེད་པར་གྱུར། ཚད་གཞི་འདི་ཞིབ་བཟོ་བྱས་པ་དེས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་གི་བོད་སྤོས་ལས་རིགས་གསར་བཟོ་དང་། ཐོན་སྐྱེད། ཞིབ་དཔྱད་ཚད་ལེན། ཕྱིར་འཚོང་བྱེད་པར་ལག་རྩལ་ཐད་ཀྱི་གལ་ཆེའི་གཞི་འཛིན་ས་མཁོ་སྤྲོད་བྱེད་ཐུབ་ཅིང་། ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་ལ་རིག་གནས་ཀྱི་རིན་ཐང་དང་ལག་རྩལ་གྱི་ཚད་གཞི་ངེས་ཅན་ཞིག་དང་མཐུན་པའི་བོད་སྤོས་ཐོན་རྫས་མཁོ་འདོན་བྱ་བར་སྣེ་ཁྲིད་བྱས། གཞན་ཡང་། བོད་སྤོས་ཡུལ་སྐོར་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་དང་ཡུལ་སྐོར་ཁྲོམ་ར་ཚད་ལྡན་དུ་འཕེལ་རྒྱས་འགྲོ་བར་དངོས་ཡོད་ཀྱི་ལག་རྩལ་གྱི་འགན་ལེན་མཁོ་འདོན་བྱས་ཡོད། 
རྒྱལ་ཁབ་ཀྱི་ཚད་གཞི་གཏན་བཟོ་བྱས་པ་དེས་བོད་ལྗོངས་ཀྱི་ཚད་ལྡན་ཅན་གྱི་བྱ་བའི་ངོ་བོའི་ཐད་ཀྱི་མཆོང་སྐྱོད་ཡོང་བར་ཕན་ནུས་ལྡན། 
           བོད་སྤོས་རྒྱལ་ཁབ་ཚད་གཞིའི་ཞིབ་བཟོ་བྱས་པ་དེས་བོད་ལྗོངས་ཀྱི་ཚད་ལྡན་ཅན་གྱི་བྱ་བར་སྐུལ་འདེད་བྱ་བར་སྣེ་ཁྲིད་དང་སྔོན་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་ཞིང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དུ་སོང་བ་བསྟུན་ནས། བོད་ལྗོངས་ས་ཁུལ་གྱི་ཚད་ལྡན་ཅན་གྱི་དགོས་མཁོའང་ཉིན་རེ་ལས་ཉིན་རེར་འབུར་ཐོན་དུ་སོང་མོད། ཚད་ལྡན་ཅན་གྱི་རྨང་གཞི་ཞན་པ་དང་། ཚད་ལྡན་ཅན་གྱི་འདུ་ཤེས་ཟབ་པོ་མེད་པའི་རྐྱེན་གྱིས་མིག་སྔར་བོད་ལྗོངས་ཀྱི་ས་ཁོངས་སུ་ད་དུང་རྒྱལ་ཁབ་ཀྱི་ཚད་གཞི་གཙོ་ཁྲིད་ཀྱིས་གཏན་འཁེལ་བྱས་མེད། ཚད་གཞི་འདི་ཞིབ་བཟོ་བྱས་པ་དེས་བོད་ལྗོངས་ས་ཁོངས་སུ་རྒྱལ་ཁབ་ཀྱི་ཚད་གཞི་མེད་པ་ལས་ཡོད་པར་ཞིབ་བཟོ་བྱེད་པའི་ཐོལ་བརྒལ་མངོན་འགྱུར་ཡོང་ཞིང་། འབྲེལ་ཡོད་ལས་རིགས་ཀྱི་ཚད་གཞི་སྔར་བས་འཚོལ་ཞིབ་དང་སྐུལ་འདེད་ཞིབ་འཇུག་བྱ་བར་ལག་ལེན་གྱི་ཉམས་མྱོང་མཁོ་འདོན་བྱས་པ་རེད། 
          གྲོང་ཁྱེར་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2016 ལོར། ལྷ་སའི་དག་གཙང་ལྷད་མེད་ཐོན་ལས་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཚད་གཞིའི་མ་ལག་དང་དེ་བཞིན《བོད་སྤོས་ཀྱི་མ་བཅོས་རྒྱུ་ཆ་བཀོལ་བའི་ཚད་གཞི》དང་། 《བོད་སྤོས་ཀྱི་ཐོན་སྐྱེད་བཟོ་རྩལ་གྱི་སྒྲིག་སྲོལ》《བོད་སྤོས་ཀྱི་ཐུམ་སྒྲིལ་ཇུས་བཀོད་ཀྱི་སྤྱི་སྲོལ》བཅས་ཚོགས་པའི་ཚད་གཞི་རྣམ་གྲངས་གསུམ་གྱི་གསར་བཟོ་དང་ཁྱབ་བསྒྲགས་ལག་བསྟར་བྱས་ཤིང་། 2017ལོའི་གྲོང་ཁྱེར་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས་ཀྱིས་ཧྥུའུ་ཅན་ཞིང་ཆེན་གྱི་ཡུང་ཁྲུན་རྫོང་དང་། ཀོང་ཏུང་ཞིང་ཆེན་ཅང་མོན་གྲོང་ཁྱེར་གྱི་ཀྲུང་གོའི་འབར་སྤོས་ཐོན་ལས་ཆེན་པོ་གཉིས་ཀྱི་རྟེན་གཞི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་གནང་བ་དང་། ཀྲུང་གོའི་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོའི་ཡང་བའི་བཟོ་ལས་ཀྱི་རྒྱུན་མཁོ་སྣ་འདུས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ཚད་ལེན་ལྟེ་གནས་དང་། ཀྲུང་གོའི་རྒྱུན་མཁོ་སྣ་འདུས་བཟོ་ལས་མཐུན་ཚོགས་ཀྱི་སྤོས་ལས་ཡན་ལག་ཚོགས་པས་ལྷ་སའི་བོད་སྤོས་ཐོན་ལས་ལ་རྟོག་ཞིབ་བྱས་རྗེས་སུ་གྲུབ་པའི《ལྷ་ས་གྲོང་ཁྱེར་བོད་སྤོས་ཐོན་ལས་སྤུས་ཚད་གནས་ཚུལ་གྱི་དབྱེ་ཞིབ་སྙན་ཞུ》སོགས་དུས་འགོའི་ཞིབ་འཇུག་ལས་དོན་སྤེལ་ཏེ། 《བོད་སྤོས》ཀྱི་རྒྱལ་ཁབ་ཚད་གཞིའི་ཞིབ་འཇུག་གསར་བཟོ་བྱ་བར་ལག་རྩལ་གྱི་རྨང་གཞི་གལ་ཆེན་བཏིང་བ་རེད། “ལས་གཞི་བཙུགས་རྗེས། ངེད་ལས་ཁུངས་ཀྱིས་ལོ་གཅིག་དང་ཕྱེད་ཀའི་དུས་ཚོད་སྤྱད་དེ་རྒྱལ་ཁབ་ཚད་གཞི་ཨུ་ལྷན་དང་། ཀྲུང་གོའི་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་སོགས་ལས་ཁུངས་དང་ལྗོངས་ཕྱི་ནང་གི་འབྲེལ་ཡོད་སྡེ་ཚན་དང་། ཚན་རིག་ཞིབ་འཇུག་ཁང་། ལས་རིགས་མཐུན་ཚོགས། སྣེ་འདྲེན་ཁེ་ལས་དང་མཉམ་འབྲེལ་བྱས་ཏེ་གཅིག་གྱུར་གྱི་གསར་བཟོ་ཇུས་གཞི་ལྟར་ཡུལ་དངོས་སུ་རྟོག་ཞིབ་དང་། ཚད་ལྡན་གྱི་སྒྲོམ་གཞི་དང་དེ་བཞིན་ལག་རྩལ་གྱི་ནང་དོན་གཙོ་བོ་གཏན་འཁེལ་བྱས་ཏེ། བོད་སྤོས་ཐོན་རྫས་ཀྱི་སྲོག་ཤིང་ལག་རྩལ་གྱི་དཔྱད་གྲངས་ཞིབ་འཇུག་གི་ལས་ཀ་སྤེལ་རྒྱུ་ཡིན། ཚན་རིག་གི་གཞི་གྲངས་རབ་དང་རིམ་པ་འཐོབ་པའི་རྨང་གཞིའི་ཐོག རང་རྒྱལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ད་ལྟ་སྤྱོད་བཞིན་པའི་ལག་རྩལ་ལེགས་སུ་བཏང་ནས་མཇུག་མཐར《བོད་སྤོས》ཀྱི་རྒྱལ་ཁབ་ཀྱི་འོས་སྦྱོར་རང་བཞིན་གྱི་ཚད་གཞི་བཟོ་འགོད་ལེགས་འགྲུབ་བྱ་བར་མ་ཟད། ལས་གཞི་མཇུག་འགྲིལ་ནས་གསལ་འབྱེད་བྱ་རྒྱུ་ཡིན”ཞེས་འགན་འཁུར་མི་སྣས་བཤད།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1