མཁས་དབང་དགེ་འདུན་ཆོས་འཕེལ་དང་ཁོང་གི་རྩོམ་རིག་བསམ་བློའི་ཁྱད་ཆོས་ལ་དཔྱད་པ།

པད་མ་བསྟན་འཛིན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29


        དུས་རབས་ཉི་ཤུ་བའི་དམིགས་བསལ་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་སྤྱི་ཚོགས་ཁོར་ཡུག་ཏུ་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ནི་མི་རིགས་འདིའི་སྲོལ་རྒྱུན་རིག་གཞུང་བསམ་བློ་དང་ཤེས་བྱའི་སྒྲིག་གཞི་ལས་ཕྱིར་བུད་དེ། བློ་རྒྱ་ཆེན་པོ་དང་མིག་རྒྱང་རིང་པོས་འཛམ་གླིང་ལ་ལྟ་མཁན་གྱི་ཉེ་རབས་བོད་ཀྱི་ཤེས་ཡོན་པའི་ཐོག་མ་དེ་ཡིན། ཁོང་ནི་བོད་ཀྱི་རིག་གནས་འཕེལ་བའི་ལོ་རྒྱུས་ཐོག་གནའ་དེང་ཕྱི་ནང་རིག་གནས་ཀྱི་མ་ལག་ཆ་ཚང་ལྡན་པའི་གཞན་དྲིང་མི་འཇོག་པའི་མཁས་དབང་དམ་པ་ཞིག་གོ །
        མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རིག་གནས་ལྟ་སྟངས་དང་རྩོམ་རིག་བསམ་བློའི་ཐད་ཀྱི་ཁྱད་ཆོས་གཙོ་བོ་ལ། གཅིག ས་གནས་རང་བཞིན་གྱི་རིག་གནས་ཤེས་བྱ་ལ་གདེང་འཇོག་མཐོན་པོ་དང་དེར་ངོས་འཛིན་གསར་པ་ཡོད་པ། གཉིས། རིག་གནས་སྒེར་སྡོམ་རང་ལུགས་ལས་རིག་གནས་སྣ་མང་རིང་ལུགས་དང་ལེན་དང་ཁས་ལེན་པ། གསུམ། བརྩམས་ཆོས་སུ་རིག་གནས་དཔྱད་སྡུར་དང་ཡུལ་དངོས་བརྟག་དཔྱད་ཆེར་བཀོལ་ཏེ་རིག་གནས་ཀྱི་བདེན་དངོས་འཚོལ་ཕྱིར་རིག་གནས་གང་དེ་མ་ཡིག་དང་ཁུངས་གཏུགས་ཅི་ཐུབ་བྱེད་པ།
        དང་པོ། སྤྱིར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་ལོ་རྒྱུས། རིག་གནས་འཕེལ་བའི་ལོ་རྒྱུས་སོགས་གང་ལ་བལྟས་ན། དེ་ནི་ཆབ་སྲིད་ཀྱི་དབང་ཆ་འཛིན་པའི་ཕྱོགས་གཏོགས་སམ་སྤྱི་ཚོགས་སྒྲིག་གཞིའི་ཐད་དུ་མཐོ་རིམ་གྱི་གྲལ་དུ་ཚུད་པའི་མི་སྣ་དག་གི་ཁེ་དབང་ཁོ་ན་མཚོན་བྱེད་དང་། དེ་དག་གིས་སྲིད་སྐྱོང་བ་དང་དགྲ་འདུལ་བ། ཆོས་སྤེལ་བ་སོགས་གཙོར་བཟུང་ནས་བྲིས་པ་ཞིག་ཏུ་ངེས། དེ་བས་སྔོན་བྱོན་མཁས་པ་གང་གིས་བོད་ཀྱི་སྤྱི་ཚོགས་འཚོ་བ་དངོས་དང་དམངས་ཀྱི་ཁེ་དབང་དངོས་མཚོན་པའི་ལོ་རྒྱུས་ཡིག་ཆ་དང་། དམངས་ཁྲོད་དུ་དར་བའི་ཐུན་མིན་གྱི་རིག་གནས་ཤེས་བྱ་སྐོར་བྲིས་ཡོད་པའི་རྩོམ་རིག་བརྩམས་ཆོས་ཆེར་མི་མཐོང་ལ་དེའི་རིགས་ལ་ཞིབ་འཇུག་བྱེད་པའང་གཙིགས་ཆེན་དུ་མི་བཀུར་རོ། །
        མཁས་དབང་དགེ་འདུན་ཆོས་འཕེལ་ལ་མཚོན་ན་སྐབས་དེའི་དམིགས་བསལ་གྱི་སྤྱི་ཚོགས་འཚོ་བ་དང་རིག་གནས་འཕེལ་ཕྱོགས་ཀྱི་ཤུགས་རྐྱེན། ཁོ་རང་ཉིད་ཀྱི་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་འོག་ཁོང་གིས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཐད་བཟུང་བའི་ལྟ་ཚུལ་དེ་བོད་ཀྱི་སྔོན་བྱོན་མཁས་དབང་རྣམས་དང་མི་མཐུན་པར། མཐོ་རིམ་རིག་གནས་ལས་དམངས་ཁྲོད་རིག་གནས་སམ་ས་གནས་རང་བཞིན་གྱི་རིག་གནས་གཙོར་འཛིན་པའི་རྩོམ་རིག་བསམ་བློ་ཞིག་ཏུ་མངོན། དཔེར་ན་ཁོང་གིས་བརྩམས་པའི་ཡུལ་སྐོར་རྩོམ་རིག་སྟེ་《གཏམ་རྒྱུད་གསེར་ཐང་།》འདིར་དམངས་ཀྱི་འཚོ་བ་དངོས་དང་དམངས་ཁྲོད་རིག་གནས་དངོས་དེ་གཙོར་བཟུང་ནས་བྲིས་ཡོད་དེ། དང་པོར་ལྷ་སར་ཕེབས་ཐོན་མཛད་པའི་སྐོར་ནང་དུ་བོད་ཀྱི་གནའ་ཤུལ་དགོན་རྙིང་ཆུང་ངུ་ཁ་ཤས་ལ་སོང་བའི་མཐོང་ཐོས་བཀོད་པ་དང་། དགོན་སྡེ་དེ་དག་གི་མཐའ་རུ་གནས་པའི་ཞིང་འབྲོག་གི་ས་ཁམས་ཆགས་སྟངས་དང་འཚོ་བ་རོལ་སྟངས་བྲིས་ཡོད་པ། རྒྱ་གར་གྱི་ཡུལ་ལ་ཕེབས་ཐོན་མཛད་པའི་དུམ་མཚམས་ནང་དུ་སྐྱེས་པ་བུད་མེད་བཟའ་བཏུང་ཡོ་བྱད་སོགས་ཀྱི་སྐོར་དང་། ཤིང་དང་མེ་ཏོག་སོགས་ཀྱི་ངོས་འཛིན་ཚུལ་དང་དེ་དག་ཇི་ལྟར་ངོས་འཕྲོད་ཚུལ། སྔོན་དུ་བོད་པ་རྣམས་ཀྱི་གནས་སྐབས་དང་ཚུལ་ལུགས་ཅི་ལྟར་ཡོད་ལུགས་སྐོར་སོགས་སྐབས་དེའི་སྤྱི་ཚོགས་ལ་མཚོན་ན་གཙོ་རྒྱུག་རིག་གནས་སུ་མི་གཏོགས་པའི་དམངས་ཁྲོད་འཚོ་བའི་ས་གནས་རང་བཞིན་གྱི་རིག་གནས་ཤེས་བྱ་དང་ཡུལ་སྲོལ་གོམས་གཤིས་མང་དག་ཅིག་བྲིས་ཡོད་དོ། །རྩོམ་པ་པོས་བློ་དཀར་བྱ་དང་སེམས་གཏད་ས་དེ་དམངས་ཀྱི་རིག་གནས་དང་འཚོ་བ་ཡིན། 《གཏམ་རྒྱུད་གསེར་ཐང་།》དེར་མཚོན་ན་རྩོམ་ལུས་ཐད་ཡུལ་སྐོར་རྩོམ་རིག་ཅིག་ཡིན་ལ། འོན་ཀྱང་ནང་དོན་ཐད་བོད་ཀྱི་རིག་གནས་འཕེལ་བའི་ལོ་རྒྱུས་ཤིག་ཡིན་པའི་ངེས་ཤེས་འདྲོངས། དགེ་འདུན་ཆོས་འཕེལ་དང་ཁོང་གི་རྩོམ་རིག་བསམ་བློའི་ཁྱད་ཆོས་དེ་རིགས་ནི་དམིགས་བསལ་གྱི་ལོ་རྒྱུས་དཀྱོགས་མཚམས་དེའི་ཁྲོད་ཀྱི་རྡོ་རིང་ཞིག་ཏུ་བརྩིས་ཆོག་ལ། དེ་ནི་མིའི་རིགས་རིག་པའི་གསར་རྙེད་ཆེན་པོ་གསུམ་ལས་མི་གསར་རྙེད་དང་རིག་གནས་གསར་རྙེད་ཀྱི་ཆར་ཡང་བརྩིས་ཆོག་གོ །
        གཉིས་པ། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་རྩོམ་རིག་བརྩམས་ཆོས་གང་ལ་བལྟས་ན་བོད་བརྒྱུད་ནང་བསྟན་གྱི་བསམ་བློའི་བག་ཆགས་ཤུགས་ཆེ་བ་དང་དེ་གཙོར་འཛིན་ངེས། དེབ་ཐེར་གང་གི་ནང་དོན་ཡང་ལྷ་ཆོས་དང་འབྲེལ་བ་ཤུགས་ཆེར་མངོན་པའི་རང་ཅག་གི་རིག་གནས་ལ་ཆིག་རྐྱང་གི་རང་བཞིན་དང་གུ་དོག་པའི་སྣང་ཚུལ་དེ་ཤུགས་ཀྱིས་མངོན་པས་རང་ཅག་ལ་རིག་གནས་སྒེར་འཛིན་རིང་ལུགས་སམ་ལྟེར་འཛིན་རིང་ལུགས་ཀྱི་སྣང་ཚུལ་དེ་མངོན། འོན་ཀྱང་དགེ་འདུན་ཆོས་འཕེལ་གྱི་རྩོམ་རིག་བརྩམས་ཆོས་སུ་སྐབས་དེའི་གཙོ་རྒྱུག་རིག་གནས་ལ་གཏོགས་པའི་དམ་པའི་ལྷ་ཆོས་ལས་མི་ཆོས་རིག་གནས་དེ་གཙོར་འཛིན་པ། མཐོ་རིམ་རིག་གནས་ལས་དམངས་ཁྲོད་རིག་གནས་གཙོར་འཛིན་པ། རང་ཅག་གི་སྲོལ་རྒྱུན་རིག་གནས་གང་ཡིན་སྦྱངས་བ་དཔྱིས་ཕྱིན་མཛད་པ་དང་གཞན་མི་རིགས་ཀྱི་རིག་གནས་ལ་ཡང་སྦྱངས་པ་བྱེད་པའོ། རིག་གནས་གང་དེ་གནས་པ་དང་འཕེལ་བ། དེས་སྤྱི་ཚོགས་ལ་ཐོན་པའི་རང་ངོས་ཀྱི་རིན་ཐང་དེར་བརྩི་འཇོག་དང་ཁས་ལེན་བྱས་ཡོད་པས་མཁས་དབང་ཁོང་ནི་རྩོམ་རིག་མིའི་རིགས་རིག་པ་སྨྲ་བ་ཞིག་ཀྱང་ཡིན། སྤྱིར་རྩོམ་རིག་མིའི་རིགས་རིག་པ་ཞེས་པ་ནི། རྩོམ་རིག་ཆེད་ལས་ཐད་ནས་བཤད་ན་དེ་ནི་རིག་གནས་མིའི་རིགས་རིག་པའི་གཞུང་ལུགས་གཞིར་བཟུང་སྟེ་རྩོམ་རིག་ལ་བསམ་གཞིག་དང་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ལ་ངོས་འཛིན། དེའི་ཕྱིར་མིའི་རིགས་རིག་པ་སྨྲ་བ་དག་གི་རྩ་བའི་ལས་འགན་དེ་ཡང་རིག་གནས་ཡོད་ཚད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་རིན་ཐང་ལ་ངོས་འཛིན་དང་རྒྱུས་ལོན་བྱ་རྒྱུ། དེ་རིགས་རྩོམ་རིག་བརྩམས་ཆོས་སུ་ལྷུར་བླངས་ནས་ཡོད་པ་ཞིག་ཡིན་ངེས། དཔེར་ན་ཁོང་གིས་སྲོང་བཙན་གྱི་ལོ་ཚིགས་ལ་དཔྱད་སྐབས་བོན་གཞུང་《བྱམས་མ།》གཞིར་བཟུང་སྟེ་དཔྱད་ཡོད་པ། ཡང་《གཏམ་རྒྱུད་གསེར་ཐང་།》གི་ལེའུ་བཅུ་དྲུག་པར་ཕྱི་རོལ་མུ་སྟེགས་ཀྱི་ཆོས་ལུགས་སྐོར་བྲིས་ཡོད་པ་དང་། ཕྱི་རོལ་བའི་བསྟན་བཅོས་《དཔལ་ནག་པོའི་གླུ།》བསྒྱུར་ཡོད་པ་དག་ལ་བལྟས་ན་ཁོང་ལ་མཚོན་ན་ཞིབ་འཇུག་བྱ་སྐབས་གྲུབ་མཐའི་ཕྱོགས་ཞེན་དེ་སྤངས་ནས་བློ་གཟུ་བོར་སྒོས་ཕྱི་ནང་རིག་གནས་ལ་ཕྱོགས་ལྷུང་མེད་པར་སྦྱངས་བ་བྱས་ཡོད་པ་རྟོགས་ཐུབ། གཞན་དབྱིན་ཡིག་དབྱིན་སྐད་དང་ནུབ་ཕྱོགས་ཚན་རིག་ལག་རྩལ་གྱི་ཤེས་བྱ་ལའང་སྦྱངས་བ་བྱས་ཡོད། དཔེར་ན། 《 བྱ་ལེན་མའི་རྟོགས་བརྗོད།》དང་《 སིང་ག་ལའི་གནས་བརྟན་སྡེ་པའི་མདོ་ངྷརྨ་པ་དཱ་ཞེས་བྱ་བ།》སོགས་བསྟན་བཅོས་མང་དག་རྒྱ་དཔེ་ནས་བོད་དུ་བསྒྱུར་བ་དང་། ཡང་རྒྱ་ནག་གི་ལོ་རྒྱུས་《ཐང་རྒྱལ་རབས་ཀྱི་ལོ་རྒྱུས།》(唐史)དང་《ཙི་ཀྲི་ཐུང་ཅན།》 (资治通鉴)སོགས་ལས་བོད་ཀྱི་སྐོར་བཀོད་ཡོད་པ་དག་བོད་སྐད་དུ་བསྒྱུར་ཡོད། ཐང་ཧྲུའུ་ལེའུ་བརྒྱ་དང་ཉེར་གཉིས་པ་དང་། ཟུའེ་གུར་གྱི་རྒྱལ་རབས་ལེའུ་གྱ་གསུམ་པའི་ནང་འཁོད་པའི་བོད་ཀྱི་ལོ་རྒྱུས་བཅས་ཀྱང་བོད་སྐད་དུ་བསྒྱུར་ཡོད། གཞན་བོད་གཞུང་བསྟན་བཅོས་གྲགས་ཅན་《ཚད་མ་རྣམ་འགྲེལ》དང་《དེབ་ཐེར་སྔོན་པོ།》 《 སྤྱོད་འཇུག་ཆེན་མོ།》 སོགས་ཀྱང་ཆ་ཚང་བོད་སྐད་ནས་དབྱིན་ཇིའི་སྐད་དུའང་བསྒྱུར་ཡོད་པས་མཁས་དབང་ཁོང་གི་རིག་གནས་དང་རྩོམ་རིག་བསམ་བློ་དེ་རིག་གནས་ལྟོས་བཅས་སྨྲ་བའི་ཁྱད་ཆོས་དེ་ལྡན་ནོ། །
        གསུམ་པ། ཁོང་གི་རྩོམ་རིག་བརྩམས་ཆོས་སུ་རིག་གནས་དཔྱད་སྡུར་དང་ཡུལ་དངོས་བརྟག་དཔྱད་ཆེར་བཀོལ་ཏེ་རིག་གནས་ཀྱི་བདེན་དངོས་འཚོལ་ཕྱིར་རིག་གནས་གང་དེ་མ་ཡིག་དང་ཁུངས་གཏུགས་ཅི་ཐུབ་བྱས་ཡོད། རང་ཅག་གི་སྔོན་བྱོན་མཁས་པ་དག་གིས་བརྩམས་ཆོས་གང་འབྲི་བའི་ཆེད་དུ་རིག་ཚན་མང་པོ་ཕན་ཚུན་དཔྱད་སྡུར་དང་ཞིབ་འཇུག བརྩམས་ཆོས་གང་རྩོམ་པར་འབྲེལ་ཡོད་ཀྱི་ས་གནས་ཁག་ལ་སོང་ནས་ཡུལ་དངོས་བརྟག་དཔྱད་བྱེད་པའི་སྲོལ་དེ་འཁོས་ཆུང་བ་རེད། མཁས་དབང་དགེ་འདུན་ཆོས་འཕེལ་ལ་མཚོན་ན། ཕྱི་ནང་ཁག་གི་རིག་གནས་སྣ་མང་ལ་སྦྱངས་བ་མཛད་པ་མ་ཟད་ས་གནས་དང་དགོན་རྙིང་གནའ་ཤུལ་སོགས་ས་ཆ་གང་མང་ལའང་བརྟོལ་ཏེ་རིག་གནས་སྣང་ཚུལ་གང་དེར་དོགས་སློང་དང་མཐའ་དཔྱད། ཕན་ཚུན་བར་གོ་བསྡུར་ཏེ་རིག་གནས་གང་དེའི་རྩད་ཁུངས་བཅད་ནས་བདེན་དངོས་ཀྱི་ཆ་དེ་ངོ་འཕྲོད་ཅི་ཐུབ་བྱས་ཡོད། དཔེར་ན་《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ།》སྨད་ཆ། ཤོག་ངོས་312སུ་《 དེབ་དཀར།》 དུ་བོད་ཅེས་པའི་མིང་འདི་ཇི་ལྟར་ཐོག་པའི་སྐོར་ལ། “བོད་དེ་དང་ཐོག་སྤུ་རྒྱལ་ཞེས་འབོད་པ་དེ་རྗེའི་མིང་ཡུལ་ལ་ཐོགས་པ་སོགས་ཀྱང་ཡིན་སྲིད་དོ། །དཔེར་ན། ཅིན་གྱི་རྒྱལ་རྒྱུད་ཀྱིས་བཟུང་བའི་རྒྱ་ནག་གི་ཡུལ་ཀུན་ལ་ཅི་ན་བྱ་བ་དང་། རྒྱལ་པོ་བྷ་ར་ཏས་བཟུང་བའི་རྒྱ་གར་ཡུལ་ཀུན་ལ་བྷ་ར་ཏ་ཞེས་གྲགས་པ་བཞིན་ནོ། །ཞེས་དང་ཡང་།《 མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ།》 སྨད་ཆ། ཤོག་ངོས་320ཁྲོད་ཀྱི་དེབ་དཀར་དུ་ཡུལ་མིའི་ཆས་དང་སྲོལ་ལུགས་བཤད་སྐབས། “རྒྱ་གར་གྱི་གངྒཱའི་ལྷ་མོས་རྐང་གདུབ་གྱོན་པ་ནས། ཨ་མདོའི་རྨ་རྒྱལ་སྤོམ་རྭས་ཕྱིང་ཞྭ། རྒྱ་ནག་གི་ཀོན་ཡིན་ཕུ་སཱས་བེར་སྔོན་གྱོན་པའི་བར་དུ་ཞིབ་ཏུ་ལྟོས་དང་། ཡུལ་མིའི་ཆ་ལུགས་སུ་བྱས་པ་བྱས་མངོན་སུམ་དུ་མཐོང་བར་འགྱུར་རོ། །” ཞེས་པའི་དུམ་མཚམས་འདིར་གཞིགས་ན་ཁོང་གིས་བརྩམས་ཆོས་སུ་མི་རིགས་དང་ས་ཁུལ་མི་འདྲ་བའི་རིག་གནས་སོགས་ཕན་ཚུན་བསྡུར་ནས་གནད་དོན་ལ་ཞིབ་འཇུག་དང་ངོས་འཛིན་བྱས་ཡོད་པ་རྟོགས་ཐུབ། གཞན་ཡང་ཏུན་ཧོང་གཏེར་ཡིག་དང་། རྡོ་རིང་བྲག་བརྐོས། ཁྲམ་ཡིག་དང་ལྡེབས་རིས། རྒྱ་དཔེ་དང་ཐང་ཡིག་སོགས་མང་དག་ལ་དཔྱད་ནས་བོད་ཀྱི་རྒྱལ་རབས་ཁག་གི་ལོ་རྒྱུས་གོང་འོག་གོ་རིམ་དང་རྒྱལ་པོ་དག་གི་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ལའང་ཞིབ་དཔྱད་བྱས་འདུག ཁོང་གིས་རིག་གནས་གང་ཞིག་ལ་དཔྱད་པ་གཏོང་སྐབས་རིག་ཚན་སྣ་མང་ལྷན་དུ་བསྡུས་དེ་དཔྱད་སྡུར་བྱེད་པ་དང་། འཕྲེད་གཞུང་གང་ཐད་ནས་ཞིབ་ཚགས་སྒོས་དཔྱད་བྱ་གང་དེ་མ་དཔེ་ལ་ཁུངས་གཏུགས་ཅི་ཐུབ་བྱེད་པ་ཡིན། གཞན་དཔེར་ན། 《 ལེགས་སྦྱར་བང་མཛོད།》ཅེས་པར་《མདོ།》དང་《བྱམས་ཆོས།》《 རིགས་ཚོགས་དྲུག》 《 ས་སྡེ་ལྔ།》 《 སྤྱོད་འཇུག》 《 ཚད་མ་རྣམ་འགྲེལ་གྱི་རྩ་བ།》རྣམས་རྒྱ་དཔེའི་ཁུངས་མའི་ལེགས་སྦྱར་དངོས་ལ་གཏུགས་ཏེ་དེ་ལས་སྐད་དོད་རྣམས་གུང་བསྒྲིགས་ནས་ཆད་པ་རྣམས་གསབ་སྣོན་དང་ལེགས་བཅོས་གནང་ཡོད་པ་ལྟ་བུའོ། །
        མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ལོ་ངོ་བརྒྱད་ཀྱི་རིང་ལ་དབུས་གཙང་ས་ཆ་ཁག་དུ་བཞུགས་མྱོང་ལ། ལོ་ངོ་བཅུ་གཅིག་རིང་ལ་རྒྱ་གར་དང་སིངྒ་ལ་སོགས་ས་ཆ་ལ་ཕེབས་པ་རེད། གཞན་རྒྱ་གར་གྱི་སྐད་རིགས་ལེགས་སྦྱར་སྐད་ལ་སྦྱངས་བ་བྱས་པ་མ་ཟད་དབྱིན་ཡིག་དང་ཧྥ་རན་སའི་སྐད་རིགས་ཀྱང་བསླབ་ཡོད་པས། རྩོམ་རིག་ཤེས་བྱའི་བློ་སྦྱོང་གཏོས་ཆེ་འཇིངས་རྔམ་ཞིག་ཡིན་ངེས། ཁོང་གིས་དཔྱད་བྱ་གང་དེའི་ཡུལ་ལ་དངོས་སུ་བརྟོལ་ནས་བརྟག་དཔྱད་བྱེད་པར་མཐོང་ཆེན་བྱེད་ལ།《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ།》སྟོད་ཆ། ཤོག་ངོས་3པའི་ནང་དུ།“དེའི་ཕྱིར་གནའ་རབས་མཁས་པའི་གཞུང་ལུགས་ལས། །དོན་གྱི་རོ་ཉམས་ཚོར་བ་དེ་དག་ལ། །ལྗོངས་འདིའི་གནས་ཚུལ་ཞིབ་པར་གླེང་བས་ཀྱང་། །ཐོས་པའི་ཡན་ལག་རྫོགས་ལ་ཕན་མཐོང་ནས། ། མཐོང་ཐོས་དབང་བོའི་ཡུལ་དུ་མ་གྱུར་བར། །ཁྱིམ་གྱི་མལ་དུ་དཔྱད་པས་མི་ཤེས་པའི། །ཕྲ་རགས་དོན་གྱི་ཁྱད་པར་ཇི་སྙེད་ཅིག ། རྣམ་གསལ་དཔེ་ཡི་ལམ་ནས་འདིར་བཤད་བྱ། །”ཞེས་པའི་ཚིག་བཅད་དག་ལ་དཔྱད་ན་ཁོང་ལ་མཚོན་ན་བྱ་དངོས་གང་ལ་ཞིབ་འཇུག་བྱ་བར་གྲྭ་ཤག་དང་མལ་ཁྲི་ཁོ་ནའི་སྟེང་དུ་བསྡད་ནས་སློབ་སྦྱོང་དང་ཞིབ་འཇུག་བྱ་མཁན་ཞིག་མིན་པར་ཡུལ་དངོས་བརྟག་དཔྱད་གཙོར་འཛིན་པ་ཞིག་ཡིན་པ་རྟོགས་ཐུབ། ཁོང་གི་བརྩམས་ཆོས་མང་དག་ཅིག་ཀྱང་ཡུལ་དངོས་བརྟག་དཔྱད་ཀྱི་འབྲས་བུ་ཡིན་ལ། དཔེར་ན། 《 རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།》 《 རྒྱ་གར་གནས་ཡིག》 《 རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག》 《 རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་རེལ་ལམ་ས་ཁྲ།》སོགས་ཀྱང་ཁོང་ཉིད་ཡུལ་དངོས་བརྟག་དཔྱད་ལ་ཕེབས་ནས་བྲིས་པའི་བརྩམས་ཆོས་དག་དག་ཡིན་འདུག དེའི་ཕྱིར་ཁོང་ནི་མིང་དོན་མཚུངས་བའི་བོད་ཀྱི་ལོ་རྒྱུས་ཐོག་ཤེས་ཡོན་པའི་སྡེ་ལས་རྩོམ་རིག་མིའི་རིགས་རིག་པའི་ཞིབ་འཇུག་མཁན་ཞིག་ཡིན་ཞེས་བརྗོད་ན་ཆོག་ཆོག་ཡིན་ལ། ཁོང་གི་ཐུན་མིན་གྱི་རྩོམ་རིག་བསམ་བློ་དང་ཞིབ་འཇུག་གི་ཐབས་ལམ་དག་དེང་སྐབས་གསར་རྩོམ་གྱི་ལས་ལ་འཇུག་པར་སྤྲོ་བའི་རྩོམ་པ་པོ་དང་ཞིབ་འཇུག་མཁན་ཚོས་སློབ་སྦྱོང་དང་ལག་ལེན་དུ་འདེབས་པར་རིགས་སོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1