ཟླ་དང་བོའི་ཚེས་21ཉིན་གྱི་དགོང་མོར། 2017ལོའི་མ་ཡུན་གྱི་ཡུལ་སྡེའི་དགེ་རྒན་གྱི་བྱ་དགའ་དེ་ཧའེ་ནན་སན་ཡ་ནས་སྤྲད་པ་རེད། རྒྱལ་ཡོངས་ཀྱི་ཡུལ་སྡེའི་དགེ་རྒན་100ལ་བྱ་དགའ་སྤྲད་པ་དང་། དེ་ལས་སི་ཁྲོན་གྱི་དགེ་རྒན་6ལ་བྱ་དགའ་དེ་ཐོབ།
མ་ཡུན་སྤྱི་ཕན་ཐེབས་རྩ་ཚོགས་པའི་མ་ཡུན་གྱི་ཡུལ་སྡེའི་དགེ་རྒན་གྱི་བྱ་དགའི་འཆར་གཞི་ནི་2015ལོ་ནས་མགོ་བརྩམས་པ་ཡིན་ལ། ལོ་རེར་ཕུལ་དུ་བྱུང་བའི་ཡུལ་སྡེའི་དགེ་རྒན་100ལ་ཁྱོན་སྒོར་ཁྲི་1000གི་བྱ་དགའི་དངུལ་དང་བསྟུད་མར་ལོ་གསུམ་ལ་སློབ་གསོ་འཕེལ་རྒྱས་ལ་རོགས་སྐྱོར་བྱ་རྒྱུ་རེད།
གསར་འགོད་པས་ཁུལ་རྫོང་གི་སློབ་གསོ་སྡེ་ཁག་དང་དགེ་རྒན་དབྱང་ཀང་ཚའེ་ལ་དངོས་སུ་འབྲེལ་བ་བྱས་ཏེ། ཁོའི་སློབ་ཁྲིད་ཀྱི་གནས་ཚུལ་རྒྱུས་རགས་ཙམ་བླངས་པ་ཡིན།
དགེ་རྒན་དབྱང་ཀང་ཚའེ་ཡི་ཐུན་མིན་སློབ་ཐུན་ཏེ་ང་ཚོའི་ཟས་མཆོག་དཀྲུགས་ཇ་དང་རྩམ་པ་ཞེས་པ་དེ་ཡིན། སློབ་ཐུན་དུ་སློབ་མ་རྣམས་ལ་རང་གིས་དཀྲུགས་ཇ་སྐོལ་ཚུལ་དང་རྩམ་པ་བརྫི་ཚུལ་ཁྲིད་པར་མ་ཟད། ས་གཤིས་ཁོར་ཡུག་དང་གནམ་གཤིས་དྲོ་གྲང་། འཚོ་བའི་གོམས་གཤིས་སོགས་ཀྱི་ཐད་ནས་ཇི་ལྟར་འཚོ་ཐབས་ཕྱོགས་སྡོམ་ལ་མཛུབ་ཁྲིད་ཀྱང་བྱེད་བཞིན་ཡོད།
དགེ་རྒན་དབྱང་ཀང་ཚའེ་ཤར་རྒྱལ་མོ་ཚ་བ་རོང་གི་བྱིས་པ་བློ་བཟང་གི་གཏམ་རྒྱུད་ཅེས་པ་སོགས་ཕ་སའི་བསླབ་དེབ་རྩོམ་སྒྲིག་བྱས་ཤིང་། སློབ་མ་རྣམས་ཀྱིས་བསླབ་དེབ་ལག་ལ་བཟུང་ནས་ཕ་ཡུལ་ལ་འབྲེལ་བའི་གཏམ་རྒྱུད་དག་དགའ་དགའ་སྤྲོ་སྤྲོའི་ངང་གླེང་མོལ་བྱེད་བཞིན་གདའ།
ཕ་ས་སློབ་ཁྲིད་ལས་དགེ་རྒན་ལ་བཏོན་པའི་བླང་བྱ་ནི་ཤེས་བྱ་རྐྱང་རྐྱང་ཁྲིད་པ་ཙམ་མིན་པར། སློབ་སྦྱོང་གི་རྩ་འཛུགས་པ་དང་སྣེ་ཁྲིད་པ། སློབ་ཐུན་གྱི་ཇུས་འགོད་པའང་ཡིན། ཡང་ཅིག་བཤད་ན། སློབ་སྦྱོང་གི་འཁྲབ་ཁྲིད་པ་ཞིག་ཀྱང་ཡིན་ཟེར་ཆོག སློབ་ཐུན་དེ་དག་ལ་དམིགས་ཡུལ་གཅིག་ལས་མེད་དེ། དེ་ནི་སློབ་མ་རྣམས་ཕ་ཡུལ་ལ་དགའ་ཞེན་དང་ལ་རྒྱ་ལྡན་པའི་རྒྱལ་རོང་བ་རྣལ་མ་ཞིག་ཏུ་གསོ་སྐྱོང་བྱེད་པ་དེ་ཡིན།།